འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོར། 2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་གཏོང་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་ནས་ཤིས་ཚིག་སྒྲོན་པ་དང་། དེ་རྗེས་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་ཀྱི་བརྗོད་དོན་གཙོ་བོའི་ཉམས་ལེན་འགྲེམས་སྟོན་ལ་གཟིགས་པ་རེད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། གཙོ་གནད་མི་ཚོགས་ལ་དམིགས་ཏེ་གནད་སྨིན་ཇུས་བསྟར་བྱེད་པ། གྲངས་འཛིན་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། གྲངས་འཛིན་རྩལ་ནུས་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཕུན་སུམ་ཚོགས་པ་དང་ཉེར་སྤྱོད་ཀྱི་གྲངས་འཛིན་རྩལ་ནུས་གསོ་སྦྱོང་སློབ་ཚན་མཁོ་འདོན་བྱེད་དགོས། གྲངས་འཛིན་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་ཀུན་སྤྱོད་ཚད་ལྡན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དྲ་རྒྱའི་བདེ་འཇགས་འགོག་སྲུང་སྲུང་བཅད་བརྟན་པོར་འཛུགས་དགོས། གྲངས་འཛིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་འཕར་བའི་བར་མཐོངས་རྒྱ་སྐྱེད་གཏོང་བ། གྲངས་འཛིན་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ། ཁེ་ལས་ཀྱི་གྲངས་འཛིན་འགུལ་ནུས་འཕེལ་བར་བྱེད་པ། སྤྲིན་རྩིས་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ཀྱི་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། གྲངས་འཛིན་ཅན་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་བར་བྱེད་དགོས།
(བསོད་ནམས་དཔའ་མོས་བསྒྱུར། ཉི་དོན་གྱིས་ཞུས)