03

༄༅། །དབྱར་ཁའི་སྙན་ངག 2025年06月29日

འོད་འཛིན་མ།

སྔོ་ལྗང་གཡུ་ཡི་སྤང་ལྗོངས་སུ། །

རབ་མཛེས་མེ་ཏོག་ཅི་དགར་བཞད། །

ཟེའུ་འབྲུའི་ངད་པ་ཕྱོགས་བཞིར་ལྡང་། །

དབྱར་ཁའི་དཔལ་ཡོན་སྙིང་གི་བཅུད། །

ལང་ལོང་སྨུག་པ་འཕྱུར་བའི་ཁྲོད། །

རི་ཚོགས་བརྗིད་ཆགས་ཉམས་རེ་སྤྲོ། །

དྲོད་འཇམ་ཉིན་བྱེད་གཞོན་ནུ་མས། །

སྨུག་སྤྲིན་ཀློང་ནས་འཛུམ་ཞལ་ངོམ། །

ཆུ་འཛིན་བུང་བ་གཡོ་བའི་ཤུལ། །

ཚོགས་དྲུག་སྒྱུ་མའི་འཇའ་ཚོན་ཕུབ། །

ལྷོ་མཐར་འཁྱིལ་བའི་མཚམས་སྤྲིན་ཡང་། །

སྣང་བའི་མཐའ་རུ་ཡང་ཡང་བཞེངས། །

རི་ཤོད་ཚང་ཚིང་ནགས་ཚལ་ཀློང་། །

ངག་གི་དཔལ་མོའི་གྲེ་འགྱུར་རྫོགས། །

བྱ་དང་བྱེའུ་ཚོགས་སུ་འཁོར། །

རྩེད་འཇོའི་རྨི་ལམ་བག་རེ་བྲོ། །

ལྗོན་པའི་འདབ་མ་ཐུར་དུ་དཔྱངས། །

ལང་ཚོའི་རྦབ་ཆུ་མདུན་དུ་རྒྱུག །

རྐང་དྲུག་གཤོག་གླུ་རྣ་བར་འཇེབས། །

ཁོ་མོའི་ནང་སེམས་བདེ་ལ་འཁོད། །

སྔོ་ལྗང་གཡུ་ཡི་ཞིང་ཐང་དུ། །

ལྗང་མྱུག་གར་སྟབས་ངོམ་དང་ལྷན། །

དབྱངས་སུ་བསྟར་བའི་སྙན་ངག་ཏུ། །

དབྱར་ཟླ་འགོ་མའི་མཚར་སྡུག་བྲིས། །

གནས་འདི་ཞི་འཇགས་ཚུལ་དུ་མཆིས། །

བདག་ཀྱང་སོས་དལ་ངང་དུ་གནས། །

དེ་འདྲའི་དུས་ཀྱི་བར་མཐོངས་རེར། །

བདེ་སྐྱིད་ཐ་སྙད་འཁྲིས་སུ་སྤུངས། །

རྒྱང་རིང་མུན་པ་ཚུར་ཚུར་བྱོ། །

ཟླ་བ་རྒྱ་མཚོའི་མངལ་དུ་ཞུགས། །

སྐར་ཚོགས་དག་ཀྱང་དགུ་ཚིགས་བར། །

འཚེར་ཞིང་མི་ཁྱུ་གཉིད་དུ་ཡུར། །

འདི་ལྟར་དབྱར་ཟླ་ར་བའི་ཞིང་། །

གང་སར་སྔོ་ལྗང་ལྭ་བས་གཡོགས། །

དབྱར་གྱི་མཛེས་ལྗོངས་མཐོང་ཐེངས་རེར། །

བུ་མོའི་སེམས་པ་དགའ་བས་མྱོས། །