07

སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་སྒྱུར་སྟངས་སྐོར་རགས་ཙམ་གླེང་བ། 2025年06月27日

སྐད་འཕྲིན་གསར་འགྱུར་ནི་སྨྱན་སྦྱོར་གསར་པའི་གསར་འགྱུར་ཁོངས་སུ་གཏོགས་ཤིང་། སྨྱན་སྦྱོར་གསར་པ་ཞེས་པ་ནི་ལག་རྩལ་གསར་པའི་རམ་འདེགས་ལ་བརྟེན་པའི་སྨྱན་སྦྱོར་གྱི་རྣམ་པ་ཞིག་ལ་གོ་དགོས། སྐད་འཕྲིན་གསར་འགྱུར་ནི་དྲ་རྒྱའི་གསར་འགྱུར་སྤེལ་སྟངས་གསར་པ་ཞིག་ཡིན་པའི་ཆ་ནས། སྟབས་བདེའི་རང་བཞིན་དང་བརྒྱུད་སྤེལ་མྱུར་བའི་ཁྱད་ཆོས་ལྡན་ཞིང་། གསར་འགྱུར་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་སྲོལ་རྒྱུན་གྱི་གསར་འགྱུར་གཏོང་སྤེལ་བྱེད་སྟངས་བསྒྱུར་ཏེ། སྐད་འཕྲིན་སྤྱི་རྟགས་དང་སྐད་འཕྲིན་ལས་སྟེགས་སྤྱད་དེ་གསར་འགྱུར་གཏོང་སྤེལ་བྱེད་བཞིན་ཡོད།

སྐབས་བབ་ཀྱི་བརྗོད་བྱའི་དོན་ནི་སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་ཡིན་ཞིང་། གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་ནང་དོན་ཧྲིལ་པོ་ཚད་མཐོའི་སྙིང་བསྡུས་བྱས་པ་ཞིག་ཡིན་པས་གསར་འགྱུར་གྱི་མིག་ལྟ་བུ་རེད། སྐད་འཕྲིན་གསར་འགྱུར་ལྟ་སྐབས་ཐོག་མར་མཐོང་བ་ནི་ཁ་བྱང་ཡིན་པ་དང་། ཁ་བྱང་མནན་ན་གཞི་ནས་ནང་དོན་དངོས་ལྟ་ཀློག་བྱེད་ཐུབ། དེའི་ཐོག་ནས་སྐད་འཕྲིན་གྱི་ཁ་བྱང་གིས་སྐད་འཕྲིན་གསར་འགྱུར་བརྒྱུད་གཏོང་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་པ་རྟོགས་ཐུབ། སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་ཡག་པོ་ཞིག་བཟོ་ཐུབ་ཚེ་ཀློག་པ་པོའི་ཡིད་དབང་འཕྲོག་ཐུབ་པ་དང་། ཀློག་པ་པོས་གསར་འགྱུར་ནང་དོན་ཤེས་རྟོགས་བྱེད་པར་ཁྲིད་སྟོན་ཐུབ་ནས་གསར་འགྱུར་གཏོང་སྤེལ་གྱི་རིན་ཐང་ཆེ་རུ་གཏོང་བར་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད། དེས་ན་སྨྱན་སྦྱོར་གསར་པའི་སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་ལ་ཁྱད་ཆོས་གང་དག་ལྡན་དགོས་སམ།

གཅིག ཀློག་པ་པོར་དམིགས་དགོས།

ཀློག་པ་པོ་ནི་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་གང་ཞིག་གི་ངོས་ནས་བརྗོད་ནའང་གལ་ཆེན་པོ་ཡོད། དེས་ན། ཀློག་པ་པོ་གསོ་སྐྱོང་བྱ་རྒྱུ་དེ་ནི་གནས་བབ་གལ་ཆེན་ཞིག་ཏུ་འཇོག་དགོས་པ་སྨོས་མེད་རེད། འོ་ན་ཇི་ལྟར་བྱས་ནས་ཀློག་པ་པོ་གསོ་སྐྱོང་བྱེད་དགོས་སམ་ཞེ་ན། དུས་རྒྱུན་ནས་ཀློག་པ་པོའི་ཁམས་དང་མོས་པར་གཞིགས་ནས་ཁ་བྱང་དང་ནང་དོན་གདམ་རྒྱུ་དེ་རེད། བོད་ཡིག་སྐད་འཕྲིན་གསར་འགྱུར་གྱི་ཞབས་འདེགས་ཞུ་ཡུལ་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ཡིན་པས་རིག་གནས་ཀྱི་ཆུ་ཚད་མཐོ་པོ་དེ་ཙམ་མེད་ནའང་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཞིག་ཡིན་པས་དམངས་ཁྲོད་ཀྱི་གཏམ་དཔེ་དང་དམངས་གཞས་སོགས་ལ་རྒྱུས་མངའ་ཆེན་པོ་ལྡན་སྟབས་ཁ་བྱང་འགོད་སྐབས་གཏམ་དཔེ་དང་དམངས་གཞས་སོགས་དང་། དེ་བཞིན་དམངས་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་སྐོར་བཀོད་ན། བལ་པོའི་སེའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས་ཞེས་པ་ལྟར། ཀློག་པ་པོས་དེའི་ནང་དོན་འཕྲལ་དུ་རྟོགས་ཐུབ་མ་ཟད། གསར་འགྱུར་དེར་མུ་མཐུད་ལྟ་འདོད་ཀྱི་བློ་ཞིག་སྐྱེ་ངེས་རེད། དཔེར་ན། “想赚钱,也不能用这种方法”ཞེས་པར་། “དངོས་གྲུབ་མ་རག་མཛོག་མགོ་ཤོར”ལྟ་བུ་དང་། “这首歌真好听”ཞེས་པར། “གླུ་སྙན་མོ་རྣ་བའི་བུ་རམ། མི་བཟང་པོ་ཚེ་གང་གཏན་གྲོགས” “关于藏族服饰你了解多少?”ཞེས་པར། “གཡུ་དང་བྱུ་རུ་སྤོས་ཤེལ་གསུམ། སྨན་ཆུང་བུ་མོའི་རྒྱན་ཆ་རེད”ཅེས་པ་ལྟ་བུའོ།

གཉིས། གོ་བདེ་ཞིང་ཚིག་ཉུང་དོན་བསྡུས་ཤིག་དགོས།

སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་ལ་ཡིག་འབྲུའི་ཁ་གྲངས་ཀྱི་ཚད་བཀག་ནན་པོ་ཡོད་པ་དང་ཚེག་ཐུང་དང་བཅས་མང་ཤོས་ལ་ཡིག་འབྲུ་64ནས་བརྒལ་ཆོག་གི་མེད། དེའང་བོད་ཡིག་གི་ཡིག་འབྲུ་བརྩི་སྲོལ་ནི་རྒྱ་ཡིག་དང་མི་འདྲ་བར་སྔོན་རྗེས་ཡང་གསུམ་དང་། དབྱངས་དང་མིང་གཞི། འདོགས་ཅན། ཚེག་སོགས་སོ་སོར་ཕྲལ་ཏེ་ཡིག་འབྲུ་རེ་རེར་བརྩི་གི་ཡོད་པ་དཔེར་ན། “བསྒྲུབས”ལྟ་བུར་ཆ་མཚོན་ན་དེར་ཡིག་འབྲུ་བརྒྱད་ལ་བརྩི་གི་ཡོད། དེར་བརྟེན་ང་ཚོས་ཚིག་རོ་མི་ཐོན་པ་དང་ཁ་བྱང་གི་ནང་དོན་མ་ལོག་པར་གསལ་པོར་སྟོན་ཐུབ་པ་མ་ཟད། བསྡུས་ཚིག་གང་འཚམ་སྤྱད་ན་དགེ་མཚན་ཆེན་པོ་ལྡན་ངེས་རེད། དཔེར་ན། “人社厅发布招生信息”ཞེས་པའི་ཁ་བྱང་དེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ཞེས་བསྒྱུར་ཚེ། ཡིག་འབྲུའི་ཚད་གཞི་ལས་རྦད་དེ་བརྒལ་ཡོད་པས། “人社厅”ཞེས་པར“མི་སྤྱི་ཐིང”ཞེས་བསྡུས་ཚེ་ཚིག་ཚོགས་ཉུང་དུ་འགྲོ་བ་མ་ཟད་ཀློག་ཀྱང་བདེ་པོ་ཡོད།

གསུམ། བརྡ་རྟགས་དང་གྲངས་གཞི་སོགས་སྤྱོད་མཁས་པོ་དགོས།

ཚགས་པར་སོགས་སྲོལ་རྒྱུན་སྨྱན་སྦྱོར་གྱི་གསར་འགྱུར་ཁ་བྱང་ལ་བརྡ་རྟགས་ཚེག་ཤད་དམ་ཡང་ན་དམིགས་བསལ་བརྡ་རྟགས་གཞན་དག་སྤྱོད་པ་ཧ་ཅང་ཉུང་། སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་ལ་ཡིག་འབྲུའི་ཚད་བཀག་ཡོད་པས། ཁ་བྱང་དུ་བརྡ་རྟགས་ཚེག་ཤད་དམ་ཡང་ན་གྲངས་གཞི་སོགས་དམིགས་བསལ་གྱི་བརྡ་རྟགས་སྤྱད་ན། ཁ་བྱང་གི་ཡིག་འབྲུ་ཉུང་དུ་གཏོང་ཐུབ་པ་མ་ཟད། ཀློག་པ་པོར་གསར་འགྱུར་དེའི་ནང་དོན་ཆ་ཚང་རྟོགས་འདོད་པའི་བསམ་པ་ཞིག་སྐྱེ་སྲིད། བརྡ་རྟགས་མང་པོའི་ནང་། སྐད་འཕྲིན་གསར་འགྱུར་གྱི་ཁ་བྱང་ལ་སྤྱོད་མང་ཤོས་ནི་བསྡུས་རྟགས(省略号)དང་གྲངས་གཞི་སོགས་དམིགས་བསལ་གྱི་བརྡ་རྟགས་ཡིན། དཔེར་ན། “本月中旬国道318波密段便桥搭建完毕。”ཞེས་པའི་ཁ་བྱང་དེར“ཟླ་འདིའི་ཟླ་དཀྱིལ་དུ་རྒྱལ་ལམ་318ཀྱི་ལམ་དུམ་བུ་འདི་ཤར་གཏོང་ཐུབ་རྒྱུ་རེད”ཅེས་བསྒྱུར་ཚེ། ཁ་བྱང་དེ་ཅང་ཅང་ཞིག་ཏུ་གྱུར་ནས་དེའི་ནང་དོན་ཞིབ་ཕྲ་ལྟ་བའི་བསམ་པ་སྐྱེ་མི་ཐུབ། དེའང“རྒྱལ་ལམ་318སྤོ་བོ་རྫོང་གི་ལམ་དུམ་བུ་ཤར་གཏོང་ཐུབ་པའི་དུས་ཚོད་ནི……”ཞེས་བསྡུས་རྟགས་སྤྱད་ན། ཀློག་པ་པོས་ཁ་བྱང་མཐོང་སྐབས་ལམ་དུམ་བུ་དེ་ཤར་གཏོང་ཐུབ་པའི་དུས་ཚོད་ཤེས་འདོད་ནས་ཞིབ་ཕྲའི་གསར་འགྱུར་ལྟ་སྲིད། ཡང་དཔེར་ན། “དགོང་ཟས་སྔ་ཙམ་བཟས་ན……” “གནམ་གྲུའི་ནང་གློ་བུར་དུ་དྲན་པ་ཐོར་བའི་འགྲུལ་པ་དེ……” “ངལ་དུབ་ཀྱིས་མནར་རུང་མུ་མཐུད་མོ་ཊ་བཏང་ཕྱིན་པས……” “ད་ལོ་གཞུང་ཞབས་པ་1717བསྡུ་རྩིས་འདུག” “བསྡོམས་ཁ་གསབ་སྒོར་ཁྲི་45སྤྲོད་རྩིས་འདུག”ལྟ་བུའོ།

བཞི། འགག་རྩའི་ཐ་སྙད་ལེགས་པར་འདེམས་དགོས།

གསར་འགྱུར་གྱི་ནང་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གསར་འགྱུར་གྱི་རིན་ཐང་དང་དོན་སྙིང་མཚོན་ཐུབ་པའི་འགག་རྩའི་ཐ་སྙད་བཙལ་ནས་ཁ་བྱང་དུ་བཀོད་ན། གསར་འགྱུར་གྱི་ནང་དོན་ཁ་བྱང་ནས་གནད་ལ་འཁེལ་པོས་མཚོན་ཐུབ། དེ་ཡང་དཔེར་ན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ཚོགས་འདུ་ཞིག་འཚོགས་པའི་གསར་འགྱུར་ཞིག་ཡིན་ན། དེའི་ཁ་བྱང་དུ“བརྟན་ལྷིང་སྲུང་སྐྱོང་ལས་དོན་འདི་ལྟར་སྒྲུབ་དགོས”ཞེས་བཀོད་ཚེ། གསར་འགྱུར་གྱི་ནང་དོན་གཙོ་བོ་མཚོན་ཐུབ། ཡང་དཔེར་ན་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཞིག་སྐོར་གྱི་གསར་འགྱུར་ཞིག་ཡིན་ན་དེའི་ཁ་བྱང་དུ“པ་སའེ་ལུའོ་ནཱ་ཡིས་ཡོ་རོབ་བུམ་པ་བླངས་འདུག”ཅེས་བཀོད་ཚེ་ནང་དོན་གཙོ་བོ་ཁ་བྱང་ཐོག་ནས་གང་ལེགས་མཚོན་ཐུབ།

ལྔ། ཁ་བྱང་ལ་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་དགོས།

ཁ་བྱང་དུ་ཧང་སངས་པ་དང་། དགའ་སྤྲོ་འཕེལ་བ། ལྡོག་འདྲི་འདོན་པ་བཅས་ཀྱི་ཚིག་ཡག་པོ་སྤྱོད་ཐུབ་ཚེ། ཁ་བྱང་དེ་བས་གསོན་ཉམས་དོད་པར་གྱུར་ནས་ཀློག་པ་པོའི་ཡིད་དབང་འགུག་ཐུབ།

དཔེར་ན། “抠门教授”45元单车骑了25年,捐款近70万ཞེས་པར། དགེ་རྒན་ཆེ་མོ་བ“སེར་སྣ་ཅན”འདི་འདྲ་ཞིག་འདུག་ལྟ་བུ་དང་། ཡང་དཔེར་ན། “ཨ་ཙི་ཙི། རང་མེད་མི་མེད་བཟོ་རྩིས་བྱེད་མཁན་གྱི་ཁ་ལོ་བ་འདི་ཚོ”

“དཔེ་རེད། བཤད་ཀྱང་མི་ཉན་པའི་མི་འདི་གཉིས”

“ལུས་སྦྱོང་གི་དུས་ཚོད་ཡག་ཤོས་ག་དུས་ཡིན་པ་ཤེས་སམ”

“གྱོང་པོ་བྱུང་། འགྲན་བསྡུར་ལ་ཞུགས་ཐེངས་དང་པོར་བྱ་དགའ་བླངས་འདུག”ལྟ་བུའོ།

མདོར་ན། སྐད་འཕྲིན་གསར་འགྱུར་རྩོམ་འབྲི་དང་ལྷག་པར་དུ་ཁ་བྱང་བཟོ་སྐབས། སྲོལ་རྒྱུན་གསར་འགྱུར་གྱི་རྩོམ་འབྲིའི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་པ་དང་། ཆབས་ཅིག་ལག་ཐོགས་ཁ་པར་གྱི་སྨྱན་སྦྱོར་ཁྱད་ཆོས་དང་སྤྱོད་མཁན་གྱི་ལྟ་ཀློག་སེམས་ཁམས་ལའང་བསམ་བློ་གཏོང་དགོས། དེ་ལྟར་བྱས་ན་གཞི་ནས་ཕུལ་བྱུང་གི་སྐད་འཕྲིན་གསར་འགྱུར་ཁ་བྱང་བཟོ་ཐུབ་ནས་གསར་འགྱུར་གཏོང་སྤེལ་གྱི་ཕན་འབྲས་བཟང་པོ་ཐོན་ཐུབ།

(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ལྷག་པ་ཚེ་རིང་གིས)