འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆང་ཁྱིམ་གྲོང་ཚོས“ཏང་འཛུགས་སྐྱོང་དང་ཐོན་ལས”མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་པའི་ཁར། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཞིང་། ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་བྱེད་རྒྱུ་འགག་གནད་སྒྲོལ་སར་བྱས་པ་དང་། ཆང་ཁྱིམ་གྲོང་གསེབ་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ། ས་གནས་དེ་གའི་གཏིང་ཟབ་པའི་ནས་ཆང་རིག་གནས་ལ་བརྟེན་ནས་ཆང་ཁྱིམ་གཞིས་ཀ་དང་། ཆང་ཁྱིམ་གླིང་ཁ། ཆང་ཁྱིམ་ཆང་གཞིས་བཅས་ཕྱོགས་གསུམ་གཞི་གཅིག་གི་གྲོང་གསེབ་ཡུལ་སྐོར་སྤྲོ་གསེང་ཁུལ་བསྐྲུན་ཡོད།
མཉམ་སྡེབ་དཔལ་འབྱོར་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་དེ་གྲོང་གསེབ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་འགན་སྲུང་རང་བཞིན་གྱི་ལས་ཀར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོན་སྐྱེད་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད། ཏང་གི་སྤྱི་ཁྱབ་ཀྲི་པུས་ཆང་ཁྱིམ་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་སྟེ“ཆང་ཁྱིམ་ནས་ཆང་སྙོལ་རྩལ”གྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཉིད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ཅིང་། གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་ནས་བྱེད་པ་དང་། ཁེ་ལས་སྟོབས་ཆེན་ཞུགས་རྒྱུའི་ཡིད་དབང་འགུག་པ། མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྣེ་ཁྲིད་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་པ་དང་། དེ་བཞིན་བཟོ་རྩལ་ལེགས་སུ་དང་ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་ཆེར་བཏང་བ་བརྒྱུད། ཆང་ཁྱིམ་ནས་ཆང་དེ་བཟོ་ཁང་ཆུང་གྲས་ནས་ཐོན་ལས་ཤིག་ཏུ་གྱུར་ཡོད།
ཏང་གི་སྤྱི་ཁྱབ་ཀྲི་པུའི་སྣེ་ཁྲིད་འོག ཆང་ཁྱིམ་གྲོང་ཚོའི་དམངས་སྲོལ་གནས་ཚང་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། ཁོར་ཡུག་གི་ལེགས་ཆར་གཞི་ཚུགས་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཞིང་དུད་45ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་དུ་གྱུར་ཡོད། མིག་སྔའི་བར། ཆང་ཁྱིམ་གྲོང་ཚོའི་དམངས་སྲོལ་གནས་ཚང་གིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་5000ལ་སྣེ་ལེན་ཞུས་པར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་ཡོད།
ཆང་ཁྱིམ་གྲོང་ཚོའི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དང་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ཆང་ཁྱིམ་གཞིས་ཀ་དང་ཆང་ཁྱིམ་གླིང་ཁའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་གཉིས་ཧུར་ཐག་བཏོད་པ་བརྒྱུད། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བྱ་ཡུལ་སྐྲུན་པའི་ཆང་ཁྱིམ་གྲོང་ཚོའི་ལམ་བུ་ཞིག་ཆགས་ཡོད། ཆང་ཁྱིམ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་ལོ་400ཙམ་གྱི་ལོ་རྒྱུས་ལྡན་པའི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་སྟེ། ཆང་ཁྱིམ་གཞིས་ཀ་དེ་ཉིད་ཆང་ཁྱིམ་གཞིས་ཀའི་སྤྱི་པའི་རིག་གནས་ལྟེ་གནས་སུ་སྒྱུར་བཀོད་བྱས་ཤིང་། “གྲངས་འཛིན་ཅན་དང་དངོས་ལྗོངས”ཟུང་འབྲེལ་བྱས་པ་བརྒྱུད། ཕྱོགས་ཡོངས་དང་། ཟུར་ཚད་མང་བ། རྣམ་པ་སྣ་ཚོགས་བཅས་ཀྱི་སྤེལ་རེས་ཉམས་ལེན་མཁོ་འདོན་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་གནའ་བོའི་འཛུགས་སྐྲུན་དངོས་རིགས་སླར་སྤྱོད་ཀྱི་དཔེ་མཚོན་ཐོག་མ་བཏོད་དེ་ཆང་ཁྱིམ་གྲོང་ཚོ་དེ་ཉིད་མི་མང་པོ་ཞིག་གི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད།
(བསོད་ནམས་དཔའ་མོས་བསྒྱུར། སྤེན་པ་ཚེ་རིང་གིས་ཞུས)