འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་གི་ཚད་ལྡན་ཅན་གྱི་ཞིང་ཞོར་ཁྲོམ་ར་དང་པོའི་རྣམ་གྲངས་དངོས་སུ་སྐྲུན་འགོ་བཙུགས་ཡོད། རྣམ་གྲངས་དེ་མལ་གྲོ་གུང་དཀར་རྫོང་གི་གྲོང་ཁུལ་རྙིང་པ་དང་རྒྱལ་ལམ་318ཀྱི་ལྷོ་ངོས་སུ་ཡོད་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་2450ལྷག་ཙམ་བཏང་ཞིང་། དེ་ཐོག་ནས་མལ་གྲོ་གུང་དཀར་རྫོང་གི་ཞིང་ཞོར་ཁྲོམ་ར་དེང་རབས་ཅན་དང་ཚད་ལྡན་ཅན་ལ་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་འགག་རྩའི་གོམ་པ་སྤོས་པ་མཚོན་པ་དང་། མང་ཚོགས་ཀྱི“ཤ་ཚལ་སྒོང”གསུམ་གྱི་བདེ་འཇགས་སྲུང་རྒྱུར་སྒུལ་ནུས་གསར་པ་བསྣན་རྒྱུ་རེད།
རྣམ་གྲངས་དེ་འཆར་འགོད་དང་འཛུགས་སྐྲུན་ནས་གཉེར་སྐྱོང་བར་གྱི་བརྒྱུད་རིམ་ཧྲིལ་པོར“ཚད་ལྡན་ཅན་དང་བློ་རིག་ཅན་ཟུང་དུ་འབྲེལ་བའི”འདུ་ཤེས་མཉམ་འདྲེས་ཀྱིས་དེང་རབས་ཀྱི་ཉོ་སྒྲུབ་བར་མཐོངས་ཁ་གསལ་གཏོད་རྒྱུ་དང་འབྲེལ་ཐང་ཆེན་དང་། སྔོ་ལྗང་། འཕྲུལ་སྒུལ་མིན་པའི་རླངས་འཁོར་འཇོག་ས་སོགས་ཕྱི་རོལ་གྱི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ལ། བསྐྲུན་ཟིན་རྗེས་ཉོ་སྒྲུབ་དང་སྤྲོ་གསེང་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཁྲོམ་རར་གྱུར་ནས་ས་ཁོངས་ཀྱི་ཚོང་ལས་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་རེད།