འདི་ནི་ལས་དོན་པས་གྲོང་མི་ཚོ་དང་སྤྱི་སྐད་ཐོག་ནས་སྤེལ་རེས་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་འཕྱོངས་རྒྱས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོར“སྤྱི་སྐད་ཚིག་དུམ་1000”གྲོང་ཚོའི་མང་ཚོགས་ལ་སློབ་པའི་བྱེད་སྒོ་སྤེལ་ཏེ། རྣམ་པ་སྣ་ཚོགས་ཀྱི་སློབ་ཁྲིད་དང་མཉམ་འགུལ་ལག་ལེན་བརྒྱུད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་རམ་འདེགས་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ནས་འགོ་ཚུགས་ཏེ། ཞིང་འབྲོག་པའི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་དང་ཟུང་འབྲེལ་བྱས་ནས་ཉོ་སྒྲུབ་དང་། འགྲིམ་འགྲུལ་ཕྱིར་སྐྱོད། སྤྱི་ཚོགས་འབྲེལ་འདྲིས་དང་འཚམས་འདྲི་སོགས་དང་འབྲེལ་བའི་གསོན་ཉམས་དོད་པའི་དཔེ་མཚོན་བརྒྱུད་སྤྱི་སྐད་ཤོད་སྟངས་བསླབས་ཡོད། ས་གནས་ས་ཐོག་གི་དཔེ་སྟོན་སློབ་ཁྲིད་ཁྲོད་གྲོང་མི་ཚོས་སློབ་ཁྲིད་ཀྱི་གོ་སྐབས་དང་བསྟུན་ནས་སྒྲ་འདོན་སྟངས་སྦྱངས་ཤིང་། ལས་དོན་པས་རེ་རེ་བཞིན་མཛུབ་སྟོན་དང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ“སློབ་ཁྲིད་དང་། སློབ་སྦྱོང་། སྦྱོང་བརྡར”བཅས་གཞི་གཅིག་ཅན་གྱི་སློབ་སྦྱོང་གི་རྣམ་པ་ཆགས་པར་བྱས་ཡོད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་བྱེད་སྒོའི་རིང་གྲོང་མི་ཚོར《སྤྱི་སྐད་ཚིག་དུམ་1000》དང་། 《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚིག་མཛོད》《རྟོགས་དགོས་པ་དང་ཤེས་དགོས་པའི་པར་གཞིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཀློག་དེབ》སོགས་སློབ་སྦྱོང་དཔྱད་ཡིག་60ལྷག་ཙམ་སྤྲད་པ་རེད།