གངས་ཅན་རིག་གནས་སྣ་མང་དུ། །
བོད་ཀྱི་ཡིག་གཟུགས་ངོ་མཚར་ཆེ། །
ཀྲང་ལིན་ཧྲན་སོགས་ཆེད་མཁས་དང་། །
སྡེ་ཁག་དུ་མ་མཉམ་འབྲེལ་གྱིས། །
བོད་ཀྱི་སྐད་དང་ཡི་གེ་གཉིས། །
རིག་ཚན་གསར་པ་རྩིས་འཁོར་གྱི། །
རྒྱུད་ཁོངས་མ་ལག་སྣ་མང་དུ། །
ཞིབ་འཇུག་ལོ་མང་བྱས་པའི་མཐར། །
སྒྲིག་གཅོད་ཐུབ་ཅིང་བཀོལ་བར་བྱས། །
དེ་ལ་བོད་ཡིག་ཆ་འཕྲིན་ཟེར། །
བོད་ཡིག་ཆ་འཕྲིན་ལག་རྩལ་ནི། །
དུས་རབས་ཉི་ཤུའི་སྨད་ཙམ་གྱི། །
ལོ་རབས་བརྒྱད་ཅུ་པ་ནས་བཟུང་། །
བོད་ལྗོངས་མཚོ་སྔོན་ལ་སོགས་ཀྱི། །
ལས་ཁུངས་སྡེ་ཁག་སློབ་གླིང་སོགས། །
གཅིག་རྗེས་གཉིས་ལ་མཐུད་པ་ཡི། །
མེད་པ་ཡོད་པར་བཟོས་པའི་ཐོག །
ཡོད་པ་དར་བའི་ལམ་དུ་ཁྲིད། །
འཕེལ་རྒྱས་མགྱོགས་ལ་སྤྱོད་སྒོ་ཆེ། །
དེ་མུར་བོད་ཡིག་མ་ལག་སོགས། །
ཆར་རྗེས་ཤ་མོ་བཞིན་དུ་འཕེལ། །
དེ་ལ་རྨང་གཞི་བྱས་པའི་སྟེང་། །
ཀྲུང་གོའི་བོད་རིག་ལྟེ་གནས་ཀྱི། །
བཀྲ་ཤིས་ཚེ་རིང་གཙོ་བྱས་པའི། །
མཁས་དབང་མང་པོའི་བཀའ་དྲིན་གྱིས། །
རྩིས་འཁོར་རྒྱུད་ཁོངས་སྣ་མང་དུ། །
མེད་པའི་སྟོང་ཆ་སྐོང་བའི་སླད། །
རྩིས་འཁོར་ཡིག་གཟུགས་གསར་དུ་བཟོས། །
དེ་ལ་ཇོ་མོ་གླང་མར་འབོད། །
ཡིག་གཟུགས་མི་འདྲ་བཅུ་བདུན་ཡོད། །
ཡིག་རྒྱུན་ཁུངས་དང་བཅས་པ་ཡི། །
སོ་སོར་ཁྱད་ཆོས་མངའ་བ་ཡི། །
ཡིག་གཟུགས་མི་འདྲ་བཅུ་བདུན་ནི། །
དབུ་ཅན་གསར་ཆེན་གསར་ཆུང་དང་། །
སུག་ཐུང་འབྲུ་ཚ་དཔེ་ཚུགས་དང་། །
ཚུགས་འཁྱུག་འཁྱུག་ཡིག་སུག་རིང་ནི། །
ཚུགས་རིང་ཚུགས་ཐུང་ཞབས་སྒོང་དང་། །
ཁ་བྱང་ཡིག་གཟུགས་གཉིས་སུ་དབྱེ། །
དེ་ལས་ཁ་བྱང་ཡིག་གཟུགས་དང་། །
ཁ་བྱང་ཕལ་པ་གཉིས་སུ་བཤད། །
མཛེས་ཡིག་པོད་ཡིག་ཏུན་ཧོང་དང་། །
འཁོར་ཡིག་བཅས་ཀྱིས་གྲུབ་པ་ཡི། །
རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་གི །
མཐེབ་ངོས་སྒྲིག་འགོད་འཐུས་ཚང་ལ། །
ཡིག་གཟུགས་གཟུགས་རིས་མཛེས་པ་ཡི། །
བཀོལ་སྤྱོད་ཁྱབ་ཁོངས་སྣ་ཚོགས་སུ། །
ལྷག་པར་རྩིས་འཁོར་རྒྱུད་ཁོངས་ལས། །
བདུན་པ་བརྒྱད་པ་བཅུ་པ་དང་། །
བཅུ་གཅིག་ཀུ་ཤུའི་རྒྱུད་ཁོངས་སུ། །
སྤྱོད་བདེ་སྒྲིག་འགོད་ལེགས་པ་ཡི། །
ཚད་ལྡན་ཡིག་གཟུགས་སྣ་བཅུ་བདུན། །
སྒྲིག་གཅོད་ཐུབ་ལ་བཀོལ་ཤེས་བྱ། །
དེ་ལ་མཐེབ་ངོས་ལྔ་རུ་དབྱེ། །
གཙོ་མཐེབ་གཅིག་དང་རམ་འདེགས་བཞི། །
ཟློས་ཕྱོད་ཁ་གྲངས་མི་འདྲ་བར། །
མཐེབ་ངོས་རེ་རེའི་ཡི་གེ་དག །
བསྐྱར་ཟློས་མེད་པར་བགོས་པར་བཤད། །
གཙོ་མཐེབ་རིམ་པའི་ཡི་གེ་དག །
ཞིབ་འཇུག་གྲངས་ཀྱིས་མཚོན་པ་ན། །
ཟློས་ཕྱོད་མཐོ་ལ་སྤྱོད་མང་བས། །
དེ་ནི་གཙོ་མཐེབ་རིམ་པར་བགོས། །
ཞོར་གྱི་རམ་འདེགས་མཐེབ་ངོས་བཞི། །
གཙོ་མཐེབ་ངོས་ལས་ཟློས་ཕྱོད་ཉུང་། །
དེ་བས་གཙོ་མཐེབ་ཅན་དུ་བགོས། །
གཞན་ཡང་སྔགས་ཡིག་ལ་སོགས་པའི། །
བརྩེགས་འདོགས་རིམ་པ་མང་བ་དག །
རམ་འདེགས་མཐེབ་ཀྱིས་ནང་འཇུག་བྱ། །
གཞན་ཡང་ཞོར་གྱིས་འཕྲོས་པ་ལ། །
ཇོ་མོ་གླང་མ་བྱུང་བ་ནས། །
ཚད་ལྡན་མཐེབ་ངོས་བགོས་པ་ནས། །
རྒྱལ་སྤྱིའི་ཡིག་རྟགས་ཡོད་པ་ལྟར། །
ཡིག་གཟུགས་སྣ་མང་མཚོ་ལྟར་རྒྱས། །
གཞུང་སྒེར་མང་པོས་བཟོས་པ་ཡི། །
ད་ལྟའི་དུས་སུ་སྤྱོད་ཆོག་པའི། །
ཡིག་གཟུགས་མི་འདྲ་ཉིས་བརྒྱ་རྩ། །
དེ་ལས་རྒྱུད་ཁོངས་སྣ་མང་དུ། །
གོ་བདེར་སྤྱོད་པའི་ཡིག་གཟུགས་ལ། །
བརྒྱ་དང་དགུ་བཅུ་གོ་གཅིག་ལྷག །
དེ་ལས་རྨི་ལམ་སྨོན་ལམ་དང་། །
ཧྥང་ཀྲིན་དོན་ཡོད་བྷོད་གཟུགས་དང་། །
པདྨ་ཁྱུང་བྲིས་སྡེར་ནང་དང་། །
འཇམ་དབྱངས་ཨ་མདོ་ཕུལ་བྱུང་སོགས། །
གྲངས་འབོར་མང་ལ་སྤྱོད་སྒོ་ཆེ། །
ལྷག་པར་དེང་ལུགས་ཇུས་འགོད་ལ། །
ཡིག་གཟུགས་འདི་དག་མཆོག་ཏུ་བསྔགས། །
ཞོར་འཕྲོས་ཉུང་ཙམ་བཤད་པ་ལ། །
རིག་ཚན་གསར་པའི་རིགས་ལ་ནི། །
ཚད་ལྡན་བརྡ་ཆད་བཟོ་བ་དང་། །
བརྡ་ཆད་གཅིག་གྱུར་སྤྱོད་པ་གཉིས། །
འཕེལ་རྒྱས་འགྲོ་བའི་གནད་ཡིན་པས། །
ལོ་རེའི་གཏན་འབེབས་བརྡ་ཆད་དམ། །
གཅིག་གྱུར་ཚད་ལྡན་བརྡ་ཆད་དུ། །
རྩིས་འཁོར་བརྡ་ཆད་གྲངས་མང་པོ། །
གཏན་ལ་ཕབ་ཅིང་གནས་པ་ཡིས། །
དུས་རྒྱུན་སྤྱོད་སྐབས་གཟབ་གལ་ཆེ། །
དེ་ལ་ཟུར་ལྟ་ལྷག་ཏུ་གལ། །
གཞན་ཡང་གོ་ནོར་འབྱུང་སླ་བའི། །
མཐེབ་ངོས་རེ་རེར་ཡིག་འབྲུའི་གྲངས། །
ཡིག་འབྲུ་རེ་ལ་ཡིག་རྟགས་གྲངས། །
ཡིག་རྟགས་རེ་ལ་མཐེབ་རྟགས་རེ། །
མཆན་རྟགས་མཚོན་བྱེད་སྣ་མང་ཡང་། །
ཡིག་རྟགས་རེ་རེས་ཁུངས་སྒྲུབ་བྱེད། །
མངོན་མཐོང་མཐེབ་རྟགས་རེ་རེ་ནི། །
དབྱིན་ཇིའི་ཡི་གེས་མཚོན་པར་བཤད། །
རྒྱུན་རྣམ་མཐེབ་ངོས་ངོས་སུ་གསལ། །
དེ་ནི་རྩིས་འཁོར་ཐོག་མ་ཡི། །
འབྱུང་བའི་ཁུངས་ཀྱི་གསལ་བཤད་ཡིན། །
ཕན་ཚུན་གོ་ནོར་འབྱུང་བར་གཟོབས། །
དེ་ཡང་ཧི་མ་ལ་ཡ་དང་། །
ཇོ་མོ་གླང་མ་ཕན་ཚུན་གཉིས། །
གོ་ནོར་འབྱུང་བར་གཟབ་དགོས་ཏེ། །
ཧི་མ་ལ་ནི་ནང་འཇུག་ཐབས། །
ཇོ་མོ་གླང་མ་ཡིག་གཟུགས་ཡིན། །
པཎྜི་ཏ་ནི་གཉིས་ཀ་སྟེ། །
གཉིས་ཀ་ཡིན་ཞེས་བརྗོད་ཆོག་པས། །
ཆ་འཕྲིན་རིག་པའི་བང་མཛོད་ཀྱི། །
བརྡ་དག་ཕན་ཚུན་མ་ནོར་བར། །
དེ་ལྟར་ཀུན་གྱིས་རྟོགས་གྱུར་ཅིག །