ཁྱེད་ཚོ་ནི་ཕུན་ཚོགས་འདོད་དགུ་འཛོམས་པའི་ལོངས་སྤྱོད་ལ་བརྔམས་ཤིང་འཇོ་སྒེག་ལང་ཚོའི་མཛེས་སྡུག་ངོམ་རྒྱུར་དད་པ་ཁོ་ན་མ་ཡིན་ལ། དཀའ་བའི་ལས་ལ་གཡོལ་ཞིང་རང་སྣང་གང་ཤར་གྱིས་མི་ཚེ་སྟོང་ཟད་གཏོང་མཁན་ཡི་དཔེ་མཚོན་ཡང་དེ་བས་མིན། འོན་ཀྱང་། ཁམས་དང་མོས་པ་གཅིག་མཚུངས་ཀྱིས་ཁྱེད་རྣམས་ནང་སའི་གནས་མཆོག་གྲོང་ཁྱེར་ཁྲེང་ཏུར་འདུ་འཛོམས་བྱུང་ཞིང་། དགའ་ཕྱོགས་དང་སྤྲོ་སྣང་དྭངས་མས་ངང་ཤུགས་སུ་བསྐུལ་ཏེ་གངས་ཅན་སྐོར་བྲོའི་རིན་ཐང་ངོམ་རྒྱུར་བློ་ཁ་གཅིག་ཏུ་ཕྱོགས།
གནས་འདི་ནས་སྲོལ་རྒྱུན་རིག་གནས་ཀྱི་དྲི་བསུང་ལྷང་ལྷང་དུ་འཐུལ་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་ཟབ་མོ་ལྷམ་མེར་མངོན་ཐུབ་ལ། རླབས་ཆེན་མེས་རྒྱལ་གྱི་སྟོབས་འབྱོར་དང་མི་རིགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་ཡང་ངོམ་པར་བྱེད། གནས་འདི་ནས་ཞི་མཐུན་སྤྱི་ཚོགས་ཀྱི་ཉམས་སྣང་བཟང་པོ་དང་། མི་རིགས་མཐུན་སྒྲིལ་ཆེན་མོའི་ངོ་མཚར་མཛེས་སྡུག་ཙམ་མ་ཟད། གར་སྟེགས་ཆེན་པོའི་ཕང་བར་རྩེན་པའི་སྐྱེས་རྒན་གཞོན་ཕོ་མོ་ཀུན་གྱིས་བདེ་སྐྱིད་ཀྱི་འཚོ་བར་ཕུལ་བའི་གར་གྱི་སྟངས་སྟབས་ཀྱང་ཀུན་གྱི་འདྲེན་བྱེད་ཀྱི་དགའ་སྟོན་དུ་སྒྱུར་བཞིན་མཆིས།
གནས་འདི་ནས་ལང་ཚོ་ཡི་མཛེས་སྡུག་དང་ཤེས་རབ་ཀྱི་ཟེར་རྒྱ་ལྷམ་མེར་འཕྲོ་ཐུབ་ལ། ཡིད་འོང་གི་འཛུམ་མདངས་དང་མ་འོངས་ཀྱི་འདུན་པའང་ངང་ཤུགས་སུ་མངོན་ཐུབ། གནས་འདི་ནས་ཀྲུང་ཧྭའི་རིག་གནས་ཀྱི་འོད་མདངས་དང་སྔོན་བྱོན་མེས་པོའི་ཞབས་རྗེས་མཐོང་ཐུབ་ལ། ཞི་མཐུན་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོས་ཀུན་ལ་བདེ་སྐྱིད་ཀྱི་སྤྲོ་བ་ཡང་དཔག་མེད་དུ་སྟེར་བར་བྱེད། གནས་འདི་རུ་འབྱོར་པ་དང་ལང་ཚོ་ཡི་དབྱེ་བ་མེད་ལ། རིགས་རྒྱུད་དང་གོམས་སྲོལ་མི་འདྲ་བའི་འགལ་ཟླ་ཡང་མེད། གནས་འདི་རུ་ལས་རིགས་དང་ཕོ་མོའི་དབྱེ་བ་མེད་ལ། ཡུལ་སྲོལ་དང་ཆེད་ལས་མི་མཚུངས་པའི་བཀག་རྒྱའང་མེད། གནས་འདི་ནས་ཁྱེད་ལ་ཚད་མཐོའི་རེ་བ་འདོན་མཁན་མེད་ལ། ཁྱེད་ཀྱི་བྱང་ཚད་དང་འཇོན་ཐང་ལ་དམིགས་སུ་བཀར་ཏེ་གདེང་འཇོག་བྱེད་མཁན་ཡང་མེད། གནས་འདི་རུ་ཁྱེད་ལ་ཁ་རྡུང་གང་བྱུང་གཏོང་མཁན་མེད་ལ། ཁྱེད་ལ་ཁུངས་མེད་དམའ་འབེབས་དང་མི་འདོད་པའི་ཚིག་རྩུབ་ཤོད་མཁན་ནི་དེ་བས་ཀྱང་ག་ལ་ཡོད།
སྐྱེ་བོ་དུ་མ་གནས་འདིར་མ་གྲོས་གཅིག་མཐུན་གྱིས་ཞལ་འཛོམས་བྱུང་བ་ནི་ཁོ་ཚོའི་སྙིང་ཁམས་ལས་རང་བཞིན་དུ་འཕྱོ་བའི་དད་མོས་དང་དགའ་ཕྱོགས་ཙམ་ལས་ཆེས་ཁ་ཚ་དགོས་གཏུགས་ཀྱི་དགོས་དབང་དང་། རྒྱང་རིང་གི་ཕུགས་འདུན་ག་གེ་མོ་ཞིག་གིས་བཙན་སྐུལ་བྱས་པ་ཞིག་མིན་ཙ་ན། དེ་ལས་ལྷག་པའི་ལུང་འདྲེན་དང་རྒྱུ་མཚན་ཞུ་དགོས་མེད་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟ་བུར་གྱུར།
ཁྲེང་ཏུའི་སྐོར་བྲོ་ཆེན་མོའི་གར་སྟེགས་ཀྱི་གྲུ་ཟུར་འདི་ནས་ཞབས་བྲོ་བ་མཁས་ཅན་དབང་མོ་དང་། གཡང་སྐྱིད། དེ་བཞིན་ཆོས་མཚོ་སོགས་ཀྱིས་གངས་ཅན་སྐོར་བྲོར་ཞེན་པའི་ལྷད་མེད་ཀྱི་དུང་སེམས་དང་། མི་རིགས་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་ཕུལ་བའི་ལྷག་བསམ་གྱི་དམ་བཅའ་གཙང་མ་མཐོང་ཐུབ་ལ། ཁོང་ཚོའི་འགྱུར་མེད་ཀྱི་དད་སེམས་དང་རྟག་བརྟན་གྱི་དགའ་ཕྱོགས་ཀྱང་མཐོང་ཐུབ།
ཁྲེང་ཏུའི་སྐོར་བྲོ་ཆེན་མོའི་གར་སྟེགས་འདི་ནས་མི་རིགས་འདྲ་མཉམ་དང་མཉམ་འདྲེས་ཙམ་མ་ཟད་མི་རིགས་ཕན་ཚུན་དབར་གྱི་ཉ་ཆུའི་བརྩེ་དུང་དང་། བྲལ་མེད་ཀྱི་དམ་ཚིག་གཙང་མ་མངོན་ཐུབ་ལ། གངས་ཅན་སྐོར་བྲོའི་གསོན་ཉམས་དང་མཛེས་སྡུག་ཀྱང་མངོན་ཐུབ། ཁོང་ཚོས་གར་གྱི་སྟངས་སྟབས་དང་ལུས་ཀྱི་ཉམས་འགྱུར་ལ་བརྟེན་ནས་གངས་ཅན་སྐོར་བྲོའི་རིག་གནས་ཀྱི་ཉིང་བཅུད་ངོམས་ཏེ། གཟིགས་མོ་བ་རྒན་གཞོན་ཕོ་མོ་ཀུན་ལ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་སྦྱིན་ཡོད་ཨང་།
གང་ལྟར་ཀྱང་། ཁྲེང་ཏུའི་སྐོར་བྲོ་ཆེན་མོའི་གར་སྟེཊ་འདི་ནས་ཡང་དག་ཏང་གི་སྲིད་ཇུས་བཟང་པོ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྟོབས་འབྱོར་མངའ་ཐང་། དེ་བཞིན་མི་རིགས་ང་དྲུག་གི་བདེ་སྐྱིད་འཚོ་བ་སོགས་ཇི་མ་ཇི་བཞིན་མངོན་ཐུབ།
དེས་ན། གར་སྟེགས་ཆེན་མོའི་ངོ་མཚར་བཀོད་པར་ནམ་ཡང་ཉམས་པ་མེད་པ་དང་། བྲོ་གར་ལ་དགྱེས་པའི་སྐྱེས་རྒན་གཞོན་ཕོ་མོ་ཀུན་སྐུ་བསོད་དབང་ཐང་འཕེལ་ཞིང་། སྐུ་ཁམས་གསལ་ཐང་ཐོག གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ལན་བརྒྱར་ཞུ་གི་ཡིན།