07

རྒྱ་བོད་ཡིག་སྒྱུར་གྱི་སྤྱི་ཚོགས་ཕན་འབྲས་སྐོར་རགས་ཙམ་གླེང་བ། 2025年06月20日

ཡིག་སྒྱུར་བ་ཞིག་ལ་མཚོན་ན། ཐོག་མར་བསྒྱུར་བྱ་སྒྱུར་བྱེད་གཉིས་ཀའི་སྐད་ཡིག་གི་རྨང་གཞི་ཡག་པོ་དགོས་ལ། རྨང་གཞི་ཡག་པོའི་སྒང་ལ་མ་ཡིག་གི་རྩོམ་པ་པོའི་བསམ་ཕྱོགས་དང་མཚོན་པར་བྱེད་པའི་དོན་གནད་ལ་ཉམས་ལེན་གང་ཟབ་བྱས་ཏེ་མ་ཡིག་གོ་དོན་ཡོད་དོ་ཅོག་མེ་ལོང་ལ་བལྟས་པ་ཇི་བཞིན་རང་གི་ཡིད་ལ་འཆར་ཐུབ་པ་དགོས་པ་མ་ཟད། རྒྱ་ཆེའི་ཀློག་པ་པོས་འགྱུར་ཡིག་ལ་གོ་བ་ལེན་ཐུབ་མིན་ལ་བསམ་གཞིག་ནན་པོ་བྱེད་དགོས། ཇི་སྐད་དུ། སྙན་ངག་པ་གྲགས་ཅན་ཀུའོ་མོ་རུའོ་ཡིས“ཡིག་སྒྱུར་ནི་གསར་རྩོམ་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། འགྱུར་ཡིག་ཡག་པོ་ཞིག་ཡིན་ཚེ་གསར་རྩོམ་དང་མཉམ་པའམ་ཡང་ན་དེ་ལས་ཁྱད་དུ་འཕགས་པ་ཞིག་ཡིན། སྐབས་རེ་ཡིག་སྒྱུར་ནི་གསར་རྩོམ་ལས་ཀྱང་དཀའ་ངལ་ཆེ་སྟེ། གསར་རྩོམ་བྱེད་སྐབས་རང་གིས་འཚོ་བར་ཉམས་ལེན་བྱེད་དགོས་པ་དང་། ཡིག་སྒྱུར་བྱེད་སྐབས་གཞན་གྱིས་ཉམས་ལེན་བྱས་པའི་འཚོ་བ་ཉམས་སུ་ལེན་དགོས་པས་སོ”ཞེས་གསུངས་པ་ལྟར། ཡིག་སྒྱུར་བྱེད་སྐབས་ལོ་ཙཱ་བ་དང་མ་ཡིག་དང་། མ་ཡིག་གི་རྩོམ་པ་པོ། འགྱུར་ཡིག་གི་ཀློག་པ་པོ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས་ཤིང་། དེ་དག་གི་འབྲེལ་བ་འོས་ཤིང་འཚམ་པ་ཐག་གཅོད་ཐུབ་ཚེ་ཡིག་སྒྱུར་གྱི་ལས་དོན་ལེགས་འགྲུབ་ཡོང་བ་སྨོས་མི་དགོས། ཡིག་སྒྱུར་ལ་དམིགས་ཡུལ་དང་འཆར་གཞི་གསལ་པོ་ཞིག་ཡོད་དེ། འགྱུར་ཡིག་ཀློག་པ་པོའི་རེ་འདོད་སྐོང་བའི་ནུས་པ་འདོན་དགོས་པ་དེ་ཡིན། འགྱུར་ཡིག་གི་ཀློག་པ་པོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤེས་བྱ་དང་འཇིག་རྟེན་ལྟ་བ་ཡོད་པས་ཡིག་སྒྱུར་མཁན་གྱིས་མ་ཡིག་ཅི་ཞིག་འདེམས་པ་དང་སྒྱུར་ཐབས་གང་ཞིག་ལ་བརྟེན་ན་ད་གཟོད་འགྱུར་ཡིག་གི་རིག་གནས་གོམས་སྲོལ་དང་འཇིག་རྟེན་ལྟ་བ་དང་མཐུན་པ་དང་། ཀློག་པ་པོའི་རེ་འདོད་དང་འཚམ་པར་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས། དེ་ལྟར་མ་བྱུང་ཚེ་ཡིག་སྒྱུར་བས་ཡིག་སྒྱུར་ཡག་པོ་བྱས་ཡོད་སྙམ་རུང་ཀློག་པ་པོས་དང་ལེན་མི་ཐུབ་པའི་ཡིག་སྒྱུར་བརྩམས་ཆོས་ཤིག་ཏུ་འགྱུར་ཚེ་ཡིག་སྒྱུར་གྱི་ནུས་པ་མི་ཐོན་ཞིང་དམིགས་ཡུལ་ཡང་འགྲུབ་མི་ཐུབ།

ཡིག་སྒྱུར་གྱི་མཐར་གཏུགས་དམིགས་ཡུལ་ནི་རིག་གནས་དང་བསམ་བློ་བརྗེ་རེས་ཀྱི་དམིགས་ཚད་འགྲུབ་པར་བྱ་རྒྱུ་དེ་ཡིན་པས་འགྱུར་ཡིག་གིས་འགྱུར་ཡིག་གི་ཀློག་པ་པོ་དང་འབྲེལ་བ་འཛུགས་པའི་ནུས་པ་གང་ལེགས་འདོན་དུ་བཅུག་ཚེ་ད་གཟོད་འགྱུར་ཡིག་གི་དམིགས་ཡུལ་འགྲུབ་པ་རེད། དེས་ན་ཡིག་སྒྱུར་བས་ངེས་པར་དུ་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ལེགས་བཏོན་ཏེ་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ཡིག་སྒྱུར་ལས་དོན་གྱི་གནས་བབ་དང་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས། གང་ལགས་ཤེ་ན། དེ་ནི་ཡིག་སྒྱུར་ལས་དོན་པའི་ལས་འགན་དང་འགན་འཁྲི་ཡིན་པས་སོ།

དང་པོ། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ནུས་པ།

ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་རེད། རང་ལྗོངས་ཀྱི་ངོས་ནས་བརྗོད་ན། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པར་ཡིག་སྒྱུར་ལས་དོན་དང་ཁ་འབྲལ་ཐབས་མེད། དེར་བརྟེན་ཏང་དང་རྒྱལ་ཁབ་ཀྱིས་དམིགས་བསལ་སྲིད་ཇུས་གལ་ཆེན་གཏན་ལ་ཕབ་རིམ་བཞིན་གང་མགྱོགས་བོད་ཡིག་ལ་བསྒྱུར་བ་དང་འབྲེལ། ཞིང་འབྲོག་མང་ཚོགས་ཀྱི་བསམ་འཆར་དང་འདུན་པ་རྒྱ་ཁྱབ་ངང་ཉན་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་གནས་ཚུལ་ཤེས་དབང་དང་ལས་དོན་ཁག་ནང་ཞུགས་དབང་ལ་འགན་ལེན་བྱེད་དགོས། ཡིག་སྒྱུར་བས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་བོད་ཡིག་ལ་བསྒྱུར་ནས་ཏང་དང་སྲིད་གཞུང་གི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ཏང་དང་སྲིད་གཞུང་ལ་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་གནས་ཚུལ་དང་འདུན་པ་ཤེས་རྟོགས་བྱ་རྒྱུར་མཐུན་རྐྱེན་སྐྲུན་དགོས། ཡིག་སྒྱུར་ལས་ལ་ཞུགས་སྐབས་ཏང་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་དོན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་བརྒྱུད་བསྒྲགས་འཕྱུག་པ་མེད་པ་ཞིག་བྱས་ཏེ་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཡིག་སྒྱུར་བས་སོ་སོའི་ལས་འགན་དང་འགན་འཁྲི་རྟོགས་པ་བྱས་ཏེ་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ནུས་པ་གང་ལེགས་བཏོན་ཐོག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བོད་ཡིག་ཏུ་ཕབ་སྒྱུར་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐུབ་པ་བྱས་ཏེ་དྲོ་སྐྱིད་དང་ཞི་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་བཏོད་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས།

གཉིས་པ། ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ།

ཡིག་སྒྱུར་ལས་དོན་པས་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་གང་ལེགས་བཏོན་ཚེ་གཞི་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རིང་ཐུན་མོང་མ་ཡིན་པའི་ཁྱད་ཡོན་འདོན་ཐུབ། དེར་བརྟེན་ཡིག་སྒྱུར་ལས་དོན་ཐད་བྱ་བ་ཆུང་ཙག་ནས་སྒྲུབ་པ་དང་ཆེ་སར་དམིགས་དགོས། དཔེར་ན། རང་ལྗོངས་ཀྱི་མང་ཚོགས་ཚོས་དགའ་པོ་བྱེད་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དང་། གློག་བརྙན། གླུ་གཞས་སོགས་མང་ཙམ་ཡིག་སྒྱུར་བྱས་ཚེ་ཡིག་སྒྱུར་ལས་དོན་གྱིས་མང་ཚོགས་ཚོའི་རིག་གནས་འཚོ་བར་ཕན་པ་སྐྲུན་ཐུབ། དེས་ན་ཡིག་སྒྱུར་ལས་དོན་ཐད་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས། ཡིག་སྒྱུར་ལས་ལ་གཞོལ་རིང་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང། སྟབས་བདེ་སྐྲུན་པ། མང་ཚོགས་ཀྱི་དགོས་མཁོ་སྐོང་བ་བཅས་ཀྱི་ཞིབ་ཕྲའི་ལས་དོན་སྒྲུབ་དགོས་པ་དཔེར་ན། ཞིང་ལས་དང་། འབྲོག་ལས། སྨན་བཅོས་འཕྲོད་བསྟེན་སོགས་སྐོར་གྱི་རྒྱུན་ཤེས་ཡིག་སྒྱུར་བྱས་ཏེ་གཞི་རིམ་མང་ཚོགས་ལ་ངོ་སྤྲོད་ཞུས་ནས་ཁོང་ཚོའི་འཚོ་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ལྷག་པར་དུ་ཡིག་སྒྱུར་ལས་དོན་དང་རང་ལྗོངས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་། བཀས་བཀོད་རྒྱུད་འཛིན་དང་རྨོངས་དད་ཀྱི་བསམ་བློར་ངོ་རྒོལ་བྱེད་པའི་རྩོམ་ཡིག་ཡིག་སྒྱུར་བྱས་ནས། རང་ལྗོངས་སུ་ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་སྔོན་ཐོན་གྱི་ཐོན་སྐྱེད་ཉམས་མྱོང་དང་ཚན་རིག་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་སྟེ། གཞི་རིམ་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱེད་དགོས།

ཡིག་སྒྱུར་ལས་དོན་གྱི་དམིགས་ཡུལ་ནི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱལ་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པས་ལོ་ཙཱ་བས་རང་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་དང་མང་ཚོགས་ཚོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་ཡིག་སྒྱུར་ལས་དོན་དེ་གལ་ཆེར་བརྩིས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་གང་ཐུབ་ཞུ་བ་དང་འབྲེལ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཡིག་སྒྱུར་ལས་དོན་གྱི་འགན་འཁྲི་གང་ལེགས་ཁུར་དགོས།

གསུམ་པ། མི་རིགས་རིག་གནས་དར་སྤེལ་གཏོང་བའི་ནུས་པ།

མི་རིགས་ཁག་གི་རིག་གནས་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་ཞི་མཐུན་མཉམ་གནས་ལ་སྐུལ་མ་གཏོང་བའི་ཐད་ཡིག་སྒྱུར་ལས་དོན་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། གང་ལགས་ཤེ་ན། ཡིག་སྒྱུར་ལས་དོན་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་མེད་དུ་མི་རུང་བ་ཞིག་ཡིན་པས་རེད། ཡིག་སྒྱུར་ལས་དོན་ནི་མི་རིགས་རིག་གནས་འཕེལ་རྒྱས་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པས། མི་རིགས་ཀྱི་གླུ་གར་དང་། མི་རིགས་ཀྱི་རྩོམ་རིག མི་རིགས་ཀྱི་སྒྱུ་རྩལ་སོགས་ནི་ཡིག་སྒྱུར་ལས་དོན་བརྒྱུད་གཞི་ནས་ངོ་སྤྲོད་དང་དར་སྤེལ་གཏོང་ཐུབ། དཔེར་ན། སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ལ་གཡོ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ《གླིང་སྒྲུང》དང《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》《ས་སྐྱ་ལེགས་བཤད》སོགས་ནི་ཡིག་སྒྱུར་གྱི་ཐབས་ལམ་བརྒྱུད་མི་རིགས་གཞན་གྱིས་ཤེས་རྟོགས་བྱུང་ཡོད། རྒྱའི་གྲགས་ཅན་རྩོམ་རིག《ཆུ་ངོགས་གཏམ་རྒྱུད》དང《ཐོག་ཁང་དམར་པོའི་རྨི་ལམ》སོགས་བོད་ཡིག་ལ་བསྒྱུར་བ་ལས་རྒྱ་ཆེའི་བོད་རིགས་མང་ཚོགས་ཚོས་རྒྱུས་མངའ་ཆེན་པོ་བྱུང་ཡོད། དེར་བརྟེན་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བར་ངེས་པར་དུ་མི་རིགས་རིག་གནས་ཀྱི་ཡིག་སྒྱུར་ལས་དོན་ལ་མཐོང་ཆེན་བྱས་ནས་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཐུབ་པ་བྱེད་དགོས། གཞན་ཡང་། དམིགས་བཀར་གྱིས་བརྗོད་དགོས་པ་ཞིག་ལ། མིག་སྔར་ཡིག་སྒྱུར་བྱ་གཞག་ལ་སྣང་ཆེན་བྱེད་པ་དང་ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེར་འགྲོ་བཞིན་ཡོད་པ། བྱང་ཚད་གོང་མཐོར་སོང་བ་བཅས་ཁས་ལེན་དགོས་པ་ཞིག་ལགས་མོད། འོན་ཏེ་ད་དུང་ཡང་མི་འདང་བའི་གནས་ཤིག་ཡོད་པ་ནི། ཡིག་སྒྱུར་བ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱིས་བསྒྱུར་བའི་རྩོམ་ཡིག་དེ་ཡང་སྙིང་ཚད་ལྡན་བྱུང་མིན་ལ་བསྐྱར་ཞིབ་མི་བྱེད་པར་བསྒྱུར་ཚད་ཚད་གཞི་ལོན་པ་ལྟར་འཇོག་གི་ཡོད་གཤིས། སྤྱི་ཚོགས་ཐོག་འགྱུར་རྩོམ་ལ་བཞད་གད་བྱེད་པ་མཐོང་ཆོས་སུ་གྱུར་པས། དེས་ན་ང་ཚོས་རང་ཉིད་བསྐྱོད་ཤུལ་དུ་ཕྱིར་ལྟ་བྱས་ཏེ་རྐང་རྗེས་གང་འདྲ་ཞིག་བཞག་ཡོད་མེད་ལ་ལྟ་དགོས།

འདི་གར་ཁོ་མོས་རྒྱ་བོད་ལོ་ཙཱའི་སྤྱི་ཚོགས་ཀྱི་ཕན་འབྲས་སྐོར་གང་དྲན་ལྷུག་གླེང་བགྱིས་པ་འདི་ལའང་ཚིག་དོན་གཉིས་ཀའི་ཐད་སྐྱོན་ཆ་ཡོད་ངེས་པས་གཟུར་གནས་མཁས་པ་རྣམས་ཀྱིས་སྐྱོན་བརྗོད་གནང་རོགས་ཞུ་རྒྱུ་ཡིན།

(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བསྟན་འཛིན་གཡུ་སྒྲོན་གྱིས)