06

གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས། གྲོང་གསེབ་ཏུ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ། 2025年06月20日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། རྒྱ་ཆེའི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱ་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་སྟག་ལུང་བར་གྲོང་ཚོར་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་སྤེན་པ་ཚེ་རིང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས། ཏང་གི་དམངས་ཕན་སྲིད་ཇུས་དང་། མི་རིགས་སྲིད་ཇུས། དེ་བཞིན་ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་བཅས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་པ་དང་འབྲེལ། “མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་ང་ཡིས་སྔོན་དུ་བྱ་སྤྱོད་སྤེལ”ཞེས་པའི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་ཇི་ལྟར་བྱེད་དགོས་པ་གསལ་འགྲེལ་བྱས་པ་རེད། དེ་དང་ཆབས་ཅིག་གཞིས་རྩེའི་ཚན་རྩལ་ལས་དོན་གྱི་གྲུབ་འབྲས་དང་ཟུང་འབྲེལ་གྱིས་ཡུལ་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཚམ་པའི་ཚན་རྩལ་བཀོལ་སྤྱོད་བྱེད་སྟངས་རབ་དང་རིམ་པ་ངོ་སྤྲོད་བྱས་པ་དཔེར་ན། ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཁྱབ་གདལ་བཏང་ནས་བེད་སྤྱད་ཚེ་སྲོལ་རྒྱུན་གྱི་ནུས་རྒྱུ་སྤྱོད་སྟངས་ལས་བྱུང་བའི་སྦགས་བཙོག་ཉུང་དུ་གཏོང་ཐུབ་པ་མ་ཟད། མང་ཚོགས་ཀྱི་འཚོ་བའི་མ་གནས་ཀྱང་དམའ་རུ་གཏོང་ཐུབ་ལུགས་ངོ་སྤྲོད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་བསྡོམས་དྲིལ་བསྒྲགས་དངོས་རྫས་500ལྷག་ཙམ་སྤྲད་པ་དང་མང་ཚོགས་300ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད།