06

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས། ཨར་སྐྲུན་གད་སྙིགས་ལ“ཚེ་སྲོག” གསར་པ་སྦྱིན་པ། 2025年06月20日

གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ལས་གྲྭའི་ས་རོ་དང་། འདམ་སྙིགས། གད་སྙིགས། རྡོ་རོ། སྒྲིག་བཟོའི་གད་སྙིགས་བཅས་ཚུད་པའི་ཨར་སྐྲུན་གད་སྙིགས་དེ་སྣ་ཁ་རྐྱང་པའི་འབུད་ཚད་ཆེ་ལ་གཅིག་སྡུད་ཆེ་བའི་སྲ་གཟུགས་བེད་མེད་སྙིགས་རོར་གྱུར་ཡོད། ཨར་སྐྲུན་གད་སྙིགས་དེ་དག་གཙང་སེལ་ཇི་ལྟར་བྱེད་དགོས་སམ། གསར་འགོད་པས་དོགས་འདྲི་དེ་དག་འཆང་བཞིན་ཀོང་པོ་རྒྱ་མདའ་རྫོང་ཁྲེང་ཅེ་བསྐྱར་སྐྱེའི་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ཚད་ཡོད་ཀུང་སིར་བསྐྱོད་ནས་ཨར་སྐྲུན་གད་སྙིགས་ཚད་ལྡན་ཅན་དང་། རྣམ་གྲངས་ཅན། ལག་རྩལ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་སྒོ་ནས་བེད་སྤྱོད་ཕན་ཆེ་ཡོང་བའི་འཚོལ་ཞིབ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་6པར་ཀོང་པོ་རྒྱ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཨར་སྐྲུན་གད་སྙིགས་རིགས་དབྱེ་གཙང་སེལ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་བརྒྱུད་ཀོང་པོ་རྒྱ་མདའ་རྫོང་ཁྲེང་ཅེ་བསྐྱར་སྐྱེའི་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ཚད་ཡོད་ཀུང་སི་བཙུགས་པ་དང་། དེ་ཡང་ཉིང་ཁྲི་གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་ཚུར་བསྡུ་དང་བསྐྱར་སྤྱོད་བྱེད་པའི་རྣམ་གྲངས་ཐོག་མ་དེ་རེད། “རྣམ་གྲངས་དེ་2024ལོའི་ཟླ་5པར་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་གཙང་སེལ་བཟོ་གྲྭ་དེ་ཉིད་ཐོག་མཐའ་བར་གསུམ་དུ་ནུས་ཆེ་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་ཨར་སྐྲུན་གད་སྙིགས་ལ‘ཚེ་སྲོག’གསར་པ་སྦྱིན་པ་བརྒྱུད། བེད་མེད་སྙིགས་རོའི་རྒྱུན་འཁོར་བེད་སྤྱོད་དང་ལྗང་མདོག་ཨར་སྐྲུན་རྒྱུ་ཆའི་ཐོན་སྐྱེད་གཉིས་ཀ་ཚད་བརྒལ་བྱུང་ནས། ས་གནས་དེ་གའི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་སྒུལ་ཤུགས་གསར་པ་བསྣན་ཡོད”ཅེས་ཀོང་པོ་རྒྱ་མདའ་རྫོང་ཁྲེང་ཅེ་བསྐྱར་སྐྱེའི་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཚེ་རིང་དར་རྒྱས་ཀྱིས་བཤད།

མིག་སྔར་བསྡོམས་མ་དངུལ་སྒོར་ཁྲི་470བཏང་བ་དང་ས་བཟུང་རྒྱ་ཁྱོན་མུའུ་10ཟིན་ཞིང་། ཧྲུག་གཏོང་འཕྲུལ་ཆས་དང་། རྒྱུ་ཆ་འདོན་ཆས། བྱེ་འཁྲུ་འཕྲུལ་ཆས་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་ཁྲེང་ཅེ་བསྐྱར་སྐྱེའི་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ཚད་ཡོད་ཀུང་སིས་མིག་སྔར་ཉིན་ལྟར་གད་སྙིགས་སྨི་རྒྱ་དཔངས་གྲུ་བཞི་400ཙམ་གཙང་སེལ་བྱས་ཏེ། རྩ་བའི་ཐོག་ནས་ཀོང་པོ་རྒྱ་མདའ་རྫོང་གི་ཨར་སྐྲུན་གད་སྙིགས་གང་བྱུང་དུ་སྤུངས་པ་དང་གང་བྱུང་དུ་གཤོ་བའི་གནད་དོན་ཐག་གཅོད་ཐུབ་ནས་ཨར་སྐྲུན་གད་སྙིགས་གནོད་མེད་ཅན་དང་ཐོན་ཁུངས་ཅན་གྱི་ཐག་གཅོད་བེད་སྤྱོད་ཐུབ་ཡོད་པ་རེད།

ཚེ་རིང་དར་རྒྱས་ཀྱིས་གསར་འགོད་པར། རྣམ་གྲངས་སྤྱོད་འགོ་བཙུགས་ཚུན་རིམ་རྩིས་བརྒྱབ་ན་ཨར་སྐྲུན་གད་སྙིགས་ཏུན་ཁྲི་4ལྷག་ཙམ་ཚུར་བསྡུ་དང་ཏུན་ཁྲི་3ལྷག་ཙམ་ལས་སྣོན་བྱས་པས་བསྐྱར་སྐྱེའི་སོ་ཕག་རྐང་ཁྲི་10ལྷག་ཙམ་ཐོན་སྐྱེད་ཐུབ་ཡོད་ཅེས་བཤད།