05

བློ་གྲོས་སྟོབས་ཤུགས་གང་ཡོད་བཏོན། འབྲི་གཡག་རིག་གནས་ཁྱབ་སྤེལ་བཏང་། ——བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་དོན་པ་སྙེ་ཕུ་ཤེས་རབ་ཀྱི་སྐོར་བཀོད་པ། 2025年06月18日

འདི་ནི་རྟེན་མཛོད་གླིང་དུ་ཡོད་པའི་ནོར་ལུག་གི་དམར་དཔེ་ཡིན་པ།

འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་གཡག་སོབ་ཀྱི་ཀོ་ལྤགས་ལ་ལྟ་བཤེར་བྱེད་བཞིན་པ།

འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་འབྲི་གཡག་གི་རིགས་རྒྱུད་དང་གསོ་ཚགས་སྐོར་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་ལྟ་སྐོར་བར་འབྲི་གཡག་རིག་གནས་དང་འབྲེལ་བ་ཡོད་པའི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་ཕྲུ་གུ་ཚོར་འབྲི་གཡག་རིག་གནས་དང་འབྲེལ་བ་ཡོད་པའི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

གསར་འགོད་པ། ཉི་མ་ཚེ་རིང་། བདེ་ཆེན་དགྲ་འདུལ། ཚེ་བརྟན་རྡོ་རྗེ། བསོད་ནམས་མཚོ་མོ། བསོད་ནམས་དབང་འདུས།

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་གནས་པའི་བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་འབྲི་གཡག་དང་འབྲི་གཡག་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་རྟེན་མཛོད་གླིང་ཞིག་ཡིན། བོད་སྐྱོར་གྱི་བགྲང་བྱ་སུམ་ཅུའི་རིང་བོད་ལྗོངས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་མིག་མཐོང་ལག་ཟིན་ཡིན་པ་དང་། བོད་ལྗོངས་གཡག་རྟེན་མཛོད་གླིང་ཡང་པེ་ཅིང་གྲོང་ཁྱེར་གྱིས་ལྷ་སར་རོགས་སྐྱོར་བྱས་པའི་རིག་གནས་གསར་གཏོད་ཀྱི་ལས་གྲྭ་ཕུལ་དུ་བྱུང་བ་ཞིག་རེད། རྟེན་མཛོད་གླིང་དེ་2014ལོའི་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོར་ཕྱི་ཕྱོགས་སུ་སྒོ་ཕྱེ་ནས་ད་བར་ལོ་10ཙམ་ལས་སོང་མེད་ཀྱང་། ཁ་གཏད་བོད་སྐྱོར་གྲོང་ཁྱེར་དང་བོད་སྐྱོར་ལས་དོན་པའི་རོགས་སྐྱོར་འོག རྟེན་མཛོད་གླིང་གི་ལས་དོན་པ་ཚང་མས་ཐུན་མོང་ཐོག་འབད་འབུངས་མདུན་སྐྱོད་བྱས་སྟབས། རྟེན་མཛོད་གླིང་དེ་དུས་ཡུན་ཐུང་ངུའི་ནང་གསོན་ཤུགས་རབ་ཏུ་རྒྱས་ཡོད། སྙེ་ཕུ་ཤེས་རབ་ནི་ལས་རོགས་དང་ལྷན་དུ་ལག་གདང་སྦྲེལ་ནས་རྟེན་མཛོད་གླིང་འཕེལ་རྒྱས་གཏོང་མཁན་གྱི་གྲས་ཤིག་ཡིན། ད་ཆ་རྟེན་མཛོད་གླིང་དེ་བོད་རང་སྐྱོང་ལྗོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རྒྱལ་ཁབ་ཀྱི་Aབཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ཡོད་པ་རེད།

སྙེ་ཕུ་ཤེས་རབ་ནི་ཆུང་དུས་ནས་འབྲི་གཡག་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་རེད། ཁོང་2011ལོར་བོད་ལྗོངས་སློབ་ཆེན་དུ་ཤེས་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་རྗེས་དཀའ་སྡུག་གདོང་གིས་བསུས་ཤིང་དུས་ཚོད་ཡོད་རིམ་བཞིན་ཤེས་རིག་གི་རྒྱ་མཚོའི་ཀློང་ལ་འཇུག་གི་ཡོད། ཁོང་གིས་ཐེངས་ཤིག་ལྷ་སར་འབྲི་གཡག་རིག་གནས་དང་འབྲེལ་བ་ཡོད་པའི་རྟེན་མཛོད་གླིང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་ཐོས་རྗེས་སེམས་ནང་དགའ་ཚོར་དཔག་མེད་བྱུང་བ་དང་། ཞིབ་འཇུག་སློབ་མའི་འཚོ་བ་མཇུག་འགྲིལ་རྗེས་དགའ་ཞེན་ཡོད་པའི་ལས་ཀ་དེ་བྱ་རྒྱུ་བྱུང་ན་ཅི་མ་རུང་སྙམ། དཀའ་བའི་བྲག་ལ་མ་འཛེགས་ན། བདེ་མོའི་ཐང་ལ་སླེབས་མི་སྲིད་ཅེས་པ་ལྟར་ཁོང་གིས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རིག་པའི་གནས་ལ་སྔར་བས་འབད་བརྩོན་ལྷོད་མེད་བྱས། མཐར་སྲིད་ཇུས་ཀྱི་རོགས་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་འོག་སློབ་གྲྭ་ཐོན་རྗེས་2014ལོའི་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོར་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་འབྲི་གཡག་རིག་གནས་དང་འབྲེལ་བ་ཡོད་པའི་ལས་ཀ་བྱ་རྒྱུ་བྱུང་བ་དང་། མིག་སྔར་དངོས་རིགས་ཉར་ཚགས་དོ་དམ་ཞིབ་འཇུག་ཚན་པར་ལས་ཀ་བྱེད་བཞིན་མཆིས།

རྟེན་མཛོད་གླིང་དེ་2014ལོར་ཐོག་མར་བོད་སྐྱོར་ལས་བྱེད་པ་ཝུའུ་ཡུས་ཁྲུན་གྱིས་བཙུགས་པ་ཞིག་རེད། ཁོང་འབྲི་གཡག་གི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཁོང་ལ“གཡག་རྒད་པོ”ཞེས་འབོད་ཀྱི་ཡོད། 1977ལོར་སློབ་ཆེན་ནས་ཐོན་མ་ཐག་པའི་ཝུའུ་ཡུས་ཁྲུན་ནག་ཆུ་གྲོང་ཁྱེར་ནས་ལྷ་རི་རྫོང་དུ་ལོག་པའི་ལམ་བར་དུ་ལ་ཆེན་པོ་ཞིག་རྒྱག་དགོས་ཀྱི་ཡོད་ཀྱང་། ལོ་དེར་གངས་ཆེན་པོ་བབས་པས་རླངས་འཁོར་གཏོང་ཐབས་བྲལ་བ་དང་། ས་ཆ་རེ་འགར་གངས་མཐུག་དྲགས་ནས་རྟ་ཡང་འགྲོ་དཀའ་བའི་གནས་སུ་ལྷུངས་སྟབས། ཁོང་ཚོར་ཉིན་ཤས་བསྟུད་མར་དཀའ་ཁག་ཆེན་པོ་འཕྲད་ནས་རེ་ཐག་ཆད་པའི་སྐབས་སུ། རྒྱང་རིང་ནས་ལས་དོན་མི་སྣ་གཡག་ལ་ཁལ་བཀལ་ཏེ་གནོད་འཚེ་ཕོག་ཁུལ་དུ་ཡོང་བ་མཐོང་རྗེས་ཁོང་ཚོའི་སེམས་ནང་རེ་བའི་མེ་ལྕེ་རབ་ཏུ་འབར་བ་དང་། ཕྱིས་སུ་ཁོང་ཚོས་གཡག་གིས་ཁོང་ཚོའི་ཚེ་སྲོག་བསྐྱབས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དུས་དེ་ནས་བཟུང་ཝུའུ་ཡུས་ཁྲུན་འབྲི་གཡག་ལ་བརྩེ་བ་དེ་བས་ཟབ་ཏུ་སོང་བ་དང་། ཕྱིས་སུ་གཡག་རྟེན་མཛོད་གླིང་འཛུགས་པའི་ཐོག་མའི་བློ་སྐྱེད་ཀྱང་གཡག་གིས་སྲོག་བསྐྱབས་ལས་བྱུང་བ་རེད། ཝུའུ་ཡུས་ཁྲུན་གྱིས་དུས་རྒྱུན་ཁེངས་སྐྱུང་གི་རྣམ་འགྱུར་འཛིན་ནས་སྙེ་ཕུ་ཤེས་རབ་ཀྱི་འགྲམ་ནས་བོད་ཡིག་སློབ་གཉེར་བྱེད་ཀྱི་ཡོད། ཁོང་གིས་ཝུའུ་ཡུས་ཁྲུན་ལ་བོད་ཡིག་བསླབས་པ་དང་། ཝུའུ་ཡུས་ཁྲུན་གྱིས་ཁོང་ལ་འབྲི་གཡག་དང་འབྲེལ་བ་ཡོད་པའི་རིག་གནས་མང་དག་ཅིག་བུམ་པ་གང་བྱོའི་ཚུལ་དུ་བསླབས། དུས་རྒྱུན་ལས་ཀའི་ཐད་ཁོང་གཉིས་བར་ལ་གོང་འོག་གི་འབྲེལ་བ་ཡོད་ཀྱང་། འཚོ་བའི་ཁྲོད་ཕན་ཚུན་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར།

བོད་ཀྱི་རྟེན་མཛོད་གླིང་གཞན་དང་བསྡུར་ན་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་དོན་པའི་ལས་འབོར་ཆེ་ཡང་ཚང་མས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་ཕྱར་བར་གྲུ་འདེགས་བྱེད་ཀྱི་ཡོད་པ་རེད། སྙེ་ཕུ་ཤེས་རབ་རྒྱུན་དུ་གཤམ་སྐྱོད་བྱས་ནས་འབྲི་གཡག་གི་དམར་དཔེ་འཚོལ་ཞིབ་བྱས་ནས་གསོག་ཉར་དང་། ཉམས་གསོ། ཞིབ་འཇུག་སོགས་ཀྱི་ལས་ཀ་བྱེད་དགོས་པ་དང་། ནང་ས་དང་། སྡེ་ཁུལ། སློབ་གྲྭ་སོགས་སུ་བསྐྱོད་ནས་འབྲི་གཡག་རིག་གནས་ཁྱབ་སྤེལ་གཏོང་གི་ཡོད། ཁོང་འབྲི་གཡག་རིག་གནས་ལ་ཧ་ཅང་དགའ་བས། དུས་རྒྱུན་གྱི་ལས་ཀའི་ཁྲོད་དུ་འགོ་ཁྲིད་ཀྱིས་བཀོད་སྒྲིག་བྱས་པའི་ལས་ཀ་ཚང་མ་འཁང་ར་སྤུ་ཙམ་མེད་པར་སྒྲུབ་ཀྱི་ཡོད། ཝུའུ་ཡུས་ཁྲུན་རྟེན་མཛོད་གླིང་དུ་ལས་ཀ་བྱས་ནས་ལོ་བཅུ་ལྷག་སོང་ཡང་། རང་ཉིད་ཀྱི་ལས་ཀར་སྔར་བཞིན་སྤྲོ་བ་ཆེན་པོ་ཡོད་པས་ལས་ཀར་ཞུགས་མ་ཐག་ཇི་བཞིན་གསོན་ཤུགས་ཁེངས་བཞིན་མཆིས།

སྤྱི་ཚོགས་ཐོག་མི་དེ་བས་མང་བས་ཐུན་མོང་མ་ཡིན་པའི་འབྲི་གཡག་རིག་གནས་ཀྱི་ངོ་མཚར་ཚོར་ཐུབ་ཆེད། རྟེན་མཛོད་གླིང་གིས་རྒྱུན་དུ་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད། སྙེ་ཕུ་ཤེས་རབ་ཀྱིས“རྒྱུན་དུ་ང་ཚོས་འཆད་ཁྲིད་དང་ཉམས་ལེན་སོགས་ཀྱི་ཐབས་ལམ་མང་པོ་སྤྱད་ནས་ལྟད་མོ་བ་རྒན་པ་ཚོས་འབྲི་གཡག་རིག་གནས་ལ་སྔར་ལས་ལྷག་པའི་ཤེས་རྟོགས་དང་། གཞོན་ནུ་ཚོས་འབྲི་གཡག་རིག་གནས་དེ་རྩ་ཆེའི་རིག་གནས་ཤིག་ཡིན་པ་ཤེས་ནས་མུ་མཐུད་རྒྱུན་འཛིན་ཡག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། སྙེ་ཕུ་ཤེས་རབ་ཀྱིས་འབྲི་གཡག་རིག་གནས་སྐོར་གླེང་སྐབས་ཁོ་པའི་མིག་ཟུང་ཁྲོད་ནས་འབྲི་གཡག་རིག་གནས་ལ་དགའ་ཞེན་ཚད་མེད་ཡོད་ཚུལ་གསལ་ལེར་མངོན་གྱི་ཡོད།

འབྲི་གཡག་ནི་བོད་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཁྲོད་ཀྱི་ལས་རོགས་ཕུལ་དུ་བྱུང་བ་ཞིག་ཡིན་པ་མ་ཟད། མི་རིགས་ཀྱི་རིག་གནས་མཚོན་བྱེད་གལ་ཆེན་ཞིག་ཀྱང་ཡིན། སྙེ་ཕུ་ཤེས་རབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་གཏན་འཇགས་ཀྱི་འགྲེམས་ཁང་བཞི་དང་སྐབས་འཕྲལ་གྱི་འགྲེམས་ཁང་གཅིག་ཡོད་པ་དང་། དུས་རྒྱུན་ལྟ་སྐོར་བ་ཚོས་འགྲེམས་ཁང་བཞི་སྟེ་གཡག་གི་དྲིན་འཇལ་བའི་འགྲེམས་ཁང་དང་། གཡག་གི་ཁུངས་འཚོལ་བའི་འགྲེམས་ཁང་། གཡག་དང་འགྲོགས་པའི་འགྲེམས་ཁང་། གཡག་གི་ཉམས་མངོན་པའི་འགྲེམས་ཁང་བཅས་སུ་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད། གསར་འགོད་པས་ཁོང་ལ་འབྲི་གཡག་རིག་གནས་དང་ཡུན་རིང་འགྲོགས་རྗེས་སོ་སོའི་རིན་ཐང་ལྟ་བ་ལ་འགྱུར་ལྡོག་གང་འདྲ་བྱུང་མིན་སྐོར་འདྲི་སྐབས། སྙེ་ཕུ་ཤེས་རབ་ཀྱིས“རྟེན་མཛོད་གླིང་དུ་འབྲི་གཡག་རིག་གནས་དང་འབྲེལ་འདྲིས་བྱས་ནས་བགྲང་བྱ་10ལྷག་ཕྱིན་སོང་། ནོར་གྱིས་མིའི་རིགས་ཀྱི་ཆེད་དུ་སོ་སོའི་ཚེ་གང་སྐྱེས་སུ་འབུལ་གྱི་ཡོད། ང་ཚོས་དུས་རྒྱུན་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད་སྒེར་གྱི་ཐོབ་ཤོར་ཆེ་ཆུང་ལ་སྣང་བ་དེ་ཙམ་མ་གཏོང་བར་ཐུན་མོང་གི་ཁེ་ཕན་དེ་གཙོ་བོར་འཛིན་ནས་འབད་བརྩོན་བྱས་ན་འབྲས་བུ་བཟང་པོ་ཞིག་ཐོབ་རྒྱུ་ཡིན་པ་ནི་སྨྲོས་མི་དགོས། དེ་ནི་འབྲི་གཡག་རིག་གནས་དང་འབྲེལ་འདྲིས་བྱས་པ་བརྒྱུད་སོ་སོ་རང་ཉིད་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན”ཞེས་བཤད།

དཔེ་ཀློག་ནི་མཁས་པ་དང་ཕན་ཚུན་གཏམ་གླེང་བྱེད་པ་ལྟར་སྣང་བས་ཁོང་དུས་ཚོད་ཡོད་རིམ་བཞིན་དཔེ་ཆ་བཀླག་རྒྱུར་ཤིན་ཏུ་དགའ། ཁོང་ལ་ལྗོངས་དྲིལ་བསྒྲགས་པུའུ་དང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་སྤྲད་པའི“རྨད་བྱུང་གི་དཔེ་ཀློག་ཁྱབ་སྤེལ་བ”ཞེས་པའི་བྱ་དགའ་ཐོབ་པ་དང་། ཁོ་པའི་ཤུགས་རྐྱེན་འོག་དཔེ་ཀློག་གི་དྲི་བསུང་ཉེ་འཁོར་གྱི་ས་ཆ་མང་པོར་འཐུལ་བ་དང་རྟེན་མཛོད་གླིང་དུ་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དང་སྐྲུན་མུས་ཡིན་པ་རེད། ཁོང་གིས་དཔེ་ཀློག་བྱེད་ཞོར་རྟེན་མཛོད་གླིང་གི་མ་འོངས་པའི་འཕེལ་རྒྱས་སྐོར་ལའང་བསམ་བློ་མང་པོ་གཏོང་གི་ཡོད་པ་རེད། གསར་འགོད་པས་རྟེན་མཛོད་གླིང་གི་དཀའ་ཁག་སྐད་ཆ་འདྲི་སྐབས། སྙེ་ཕུ་ཤེས་རབ་ཀྱིས“རྟེན་མཛོད་གླིང་དུ་དཀའ་ངལ་ཆེ་ཆུང་མི་འདྲ་བ་ཡོད་ཀྱང་རང་ངོས་ནས་གླེང་ན། དེང་སྐབས་ཚན་རིག་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། འགྲེམས་སྟོན་གྱི་རྣམ་པ་དང་། ཞབས་ཞུའི་རྣམ་པ། དོ་དམ་ལམ་ལུགས་སོགས་ལ་གྲངས་འཛིན་དུས་རབས་སུ་ཤུགས་སྣོན་བརྒྱབ་ནས་འབྲི་གཡག་རིག་གནས་དེ་བས་ལེགས་པའི་ངང་ཁྱབ་སྤེལ་བྱ་རྒྱུ་ནི་རྟེན་མཛོད་གླིང་ལ་འཕྲད་པའི་དཀའ་ངལ་ཆེ་གྲས་ཤིག་རེད་འདུག མ་འོངས་པའི་ལོ་ཟླའི་ནང་རྒྱལ་ནང་གི་སྤུན་ཟླའི་ཞིང་ཆེན་ཁག་གི་རྟེན་མཛོད་གླིང་ལ་སློབ་སྦྱོང་གང་ལེགས་བྱས་ནས་གཡག་རྟེན་མཛོད་གླིང་དེ་གྲངས་འཛིན་ལམ་བུར་བསྐྱོད་རྒྱུར་འབད་བརྩོན་བྱ་རྒྱུ་དང་། དུས་མཚུངས་སུ་ཚན་པ་གཞན་དག་དང་མཉམ་ལས་ཡོང་ཐབས་སོགས་ལ་བརྟེན་ནས་འབྲི་གཡག་རིག་གནས་ཁྱབ་གདལ་གཏོང་བ་དང་དེའི་ཤུགས་རྐྱེན་ཆེ་རུ་གཏོང་བའི་ལམ་དུ་ཞུགས་ཀྱི་ཡིན”ཞེས་བཤད།