08

ནག་ཆུ་ཁྲིམས་ཁང་གིས། ཁྲིམས་འཛིན་གྱི་བྱེད་ཐབས་ནན་པོར་བརྟེན་ནས་ཚོང་གཉེར་ལ་ནང་དངོས་མཐུན་རྐྱེན་བསྐྲུན་པ། 2025年06月13日

འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་ཉི་མ་ཀུན་སྐྱིད(དཀྱིལ)ཀྱིས་ཚོང་པར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པ།

ད་ལོར་ནག་ཆུ་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཁྲིམས་སྐྱོང་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

ལས་བྱེད་ཉེན་རྟོག་པ་ཚོས་ཁེ་ལས་དང་། ལས་གྲྭ ཚོང་ཁང་བཅས་སུ་བསྐྱོད་དེ་ཚོང་དུད་དང་། ཁེ་ལས་ཀྱི་ལས་བཟོ། ཞིང་པ་ལས་མི་སོགས་ཚོགས་སྤྱི་དང་མཉམ་འགུལ་བྱས་ཏེ་ཁོ་ཚོར་དམངས་དོན་ཁྲིམས་གཞུང་དང་ཚོང་གཉེར་ཁོར་ཡུག་གི་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་རེད། “ཁེ་ལས་ཁག་ལ་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱེད་སྐབས་ང་ཚོ་ཚང་མ་དང་མཉམ་འགུལ་བྱེད་མང་དུ་སོང་བ་མ་ཟད། ལས་ཀའི་ཁ་ཕྱོགས་ཀྱང་རིམ་བཞིན་གསལ་དུ་ཕྱིན་སོང”ཞེས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་ཉི་མ་ཀུན་སྐྱིད་ཀྱིས་བཤད།

ཁོང་ཚོས་ས་མཐོའི་ཚ་སྡུག་ཆེ་བར་མ་འཛེམ་པར་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་ལས་མི་རྣམས་ལ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ལས་མི་རྣམས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཐབས་བྱས་ཡོད། ཁོ་ཚོས་མཉམ་འགུལ་ཚན་པ་དང“བཅའ་ཁྲིམས་ཁྱབ་གདལ+བཞུགས་མོལ”གྱི་བྱེད་ཐབས་བརྒྱུད་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་བསྡུ་ལེན་བྱས་ནས་ཁེ་ལས་ཀྱི་དགོས་མཁོ་གནད་སྨིན་ངང་འབྲེལ་མཐུད་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་མཉམ་དུ་གྲོས་བསྡུར་བྱས་ཡོད།

ཁྲིམས་ཁང་གིས་ད་དུང་ཐབས་ཤེས་གཞན་ཞིག་བཏོན་པ་སྟེ། “གྱོད་ཕྱིའི་མི་སྣ་འདུམ་འགྲིག་ནང་ཞུགས་པ+ཕྱོགས་མང་པོའི་ཁེ་ཕན་དོ་མཉམ+ཁ་ཆད་ལག་བསྟར་འགན་སྲུང་གདུབ་ཟུམ”བཅས་ཕྱོགས་གསུམ་གཞི་གཅིག་གི་རྩོད་གཞི་ཐག་གཅོད་བྱེད་ཐབས་བཏོན་ནས་ཁེ་ལས་ཀྱི་ཞུ་གཏུག་གི་ཁུར་པོ་ཡང་དུ་གཏོང་རོགས་བྱས་ནས་གཉེར་སྐྱོང་བྱེད་པོར་དེ་བས་ལེགས་པའི་ཁྲིམས་སྐྱོང་འགན་ལེན་བྱས་ཡོད།

2016ལོར་སི་ཁྲོན་གྱི་ཨར་སྐྲུན་ཁེ་ལས་ཤིག་གིས་རྣམ་གྲངས་འགན་གཙང་བླངས་རྗེས་ཏིང་ཆེ་གེ་མོར་ཁག་བགོས་འགན་གཙང་སྤྲད་པ་རེད། ལོ་བདུན་རིང་བརྒྱུད་བཤུག་བྱས་པ་དང་ལས་གྲྭའི་དངུལ་སྒོར་ཁྲི་900ལྷག་ཙམ་ཡུན་རིང་འགྱངས་ཆད་བྱས་པས། 2023ལོའི་ཟླ་3པར་ཏིང་ཆེ་གེ་མོས་སི་ཁྲོན་གྱི་ཨར་སྐྲུན་ཁེ་ལས་དེ་འདྲི་གཅོད་དང་པོའི་ཁྲིམས་ཁང་དུ་ཞུ་གཏུག་བརྒྱབ་པ་མ་ཟད། དཔྱད་མཚམས་དང་ལེན་མ་ཐུབ་པའི་དབང་གིས་ནག་ཆུའི་འབྲིང་རིམ་ཁྲིམས་ཁང་དུ་ཞུ་གཏུག་བརྒྱབ་པ་རེད། དེ་བས་རྙོག་དྲ་ཆེ་བ་ཞིག་ནི་གྱོད་འབྲེལ་རྣམ་གྲངས་ཀྱི་འབྲེལ་ཡོད་སྒོར་ཁྲི་70གྱོད་གཞི་གཞན་ཞིག་དང་འབྲེལ་བ་ཡོད་པས་སི་ཁྲོན་གྱི་ཨར་སྐྲུན་ཁེ་ལས་དེ་ཞུ་གཏུག་མང་པོ་ཞིག་གི་ནང་ཚུད་པ་རེད། གྱོད་གཞི་དེ་འདྲི་གཅོད་ཐེངས་གཉིས་བྱས་པ་བརྒྱུད་ད་དུང་རྩོད་གཞི་ཐག་གཅོད་མ་ཐུབ་པས་འདྲི་གཅོད་བསྐྱར་མ་བྱེད་དགོས་བྱུང་ཡོད།

“འདུམ་འགྲིག་སྔོན་ལ་བྱེད་པ་དང་ཚོང་དུད་ལ་རོགས་རམ་བྱས་ནས་རྩོད་གཞི་ཐག་གཅོད་བྱེད་པའི”རྩ་དོན་གཞིར་བཟུང་། ཁྲིམས་དཔོན་གྱིས་རང་འགུལ་ངང་དོ་བདག་ཕྱོགས་ཁག་གི་སྐད་འཕྲིན་ནང་འཇུག་བྱས་ནས་རྙོག་དྲར་མ་འཛེམ་པར་ཁ་ཏ་བསླབ་བྱ་བྱེད་པ་དང་། ཕྱོགས་ཁག་གི་ཁེ་ཕན་དོ་མཉམ་ཡོང་བ་བྱེད་པ། འདུམ་འགྲིག་ཇུས་གཞི་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་ཐག་གཅོད་བྱེད་ཐབས་ཤིག་རྙེད་ནས་དོ་བདག་ཕྱོགས་ཁག་དབར་འདུམ་འགྲིག་བྱུང་བ་མ་ཟད། འབྲེལ་ཡོད་ཞུ་གཏུག་མང་དུ་མི་འགྲོ་བ་བྱས་ཡོད།

མིག་སྔར། དུས་ཐེངས་དང་པོའི་ལས་གྲྭའི་དངུལ་དང་གྱོད་ཕྱིའི་མི་སྣའི་བུན་དབང་སྒོར་ཁྲི་70དུས་བཀག་ལྟར་སྤྲད་པས། འབྲེལ་ཡོད་རྩོད་གཞི་མང་པོ་ཞིག་ཐག་གཅོད་ཐུབ་པ་མ་ཟད། ཁེ་ལས་ལ་ཞུ་གཏུག་མང་བའི་ཁུར་པོ་ཡང་དུ་བཏང་ཡོད།

ཁྲིམས་འཛིན་གྱི་བྱེད་ཐབས་ནན་པོར་བརྟེན་ནས་ཚོང་གཉེར་ལ་ནང་དངོས་མཐུན་རྐྱེན་བསྐྲུན་ཡོད། ནག་ཆུ་ཁྲིམས་ཁང་གིས་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ལ་བརྟེན་ནས་འདྲི་གཅོད་དོ་དམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་མ་ཟད། ལག་བསྟར་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད། (ཚེ་ཁོ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)