རྒྱ་བོད་ཡིག་སྒྱུར་བྱ་གཞག་གིས་མི་རིགས་ཁག་དབར་ལ་ཆ་འཕྲིན་བརྒྱུད་སྤེལ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཐུན་མོང་གི་ངོས་འཛིན་གྲུབ་པ་སོགས་ལ་ཕན་པ་ཆེན་པོ་ཐོབ་ནས། བོད་ལྗོངས་དང་མེས་རྒྱལ་ནང་སའི་དབར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་དང་འཐོན་མུས་རེད། སྤྱི་ཚོགས་དང་ཚན་རྩལ་འཕེལ་རྒྱས་དང་ལག་རྩལ་གྱི་འཕོ་འགྱུར། འཛམ་གླིང་ཧྲིལ་པོ་གོ་ལ་ཅན་གྱི་འཕེལ་རིམ་སོགས་ལས་ཐ་སྙད་གསར་པ་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་ཐོན་ནས་ཐ་སྙད་ཡིག་སྒྱུར་བྱ་གཞག་ལ་འགྲན་སློང་ཆེན་པོ་འཕྲད་བཞིན་ཡོད། འདིར་གུས་མོས་རྒྱ་བོད་ཡིག་སྒྱུར་གྱི་ལས་ལ་ཞུགས་པའི་ལོ་འགའི་ཉམས་མྱོང་དང་རྒྱ་བོད་ལོ་ཙཱའི་གཞུང་ལུགས་ཟུང་དུ་སྦྲེལ་ནས། རང་བློས་གང་དཔོག་གིས་རྒྱ་བོད་ཐ་སྙད་ཡིག་སྒྱུར་གྱི་མི་འདང་བའི་ཆ་ཅུང་ཟད་གླེང་བར་བྱའོ།
དང་པོ། ཐད་སྒྱུར་བྱེད་དྲགས་པའི་སྐྱོན།
ཐད་སྒྱུར་ནི་བསྒྱུར་བྱ་གང་དེའི་ཚིག་ཟིན་གྱི་བསྟན་དོན་བཞིན་ཐད་ཀར་སྒྱུར་བྱེད་སྐད་དུ་བསྒྱུར་བ་ལ་བྱ་སྟེ། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀའི་ཐུན་མོང་གི་བསམ་བློའི་འཁྱེར་སོ་དང་ཐུན་མོང་གི་ཁོར་ཡུག ཐུན་མོང་གི་རིག་གནས་སོགས་ལས་བྱུང་བའི་མིང་དང་ཚིག་གི་སྦྱོར་ལུགས་རྣམས་སྒྲ་དོན་བཞིན་བསྒྱུར་བ་སྟེ། སྔོན་དུས་འདི་ལ་དྲང་ཐད་དུ་བསྒྱུར་བ་ཞེས་དང་སྒྲ་བཞིན་དུ་བསྒྱུར་བ་ཞེས་མིང་གི་རྣམ་གྲངས་གཉིས་ཙམ་བྱུང་འདུག སྐབས་འདིའི་སྒྲ་ཞེས་པ་ནི་སྒྲ་གདངས་ཙམ་ལ་མི་གོ་བར་སྒྲ་རིག་པའི་ཚིག་ངོས་ཀྱི་དོན་ཏེ། ཚིག་དོན་གཉིས་སུ་ཕྱེས་པའི་ཚིག་ལ་གོ་བས་དེ་ནི་རྒྱ་གར་གྱི་མིང་སོགས་བསྒྱུར་བར་དེའི་སྒྲ་དོན་གྱི་འབྲེལ་བ་བཞིན་ཐད་ཀར་བསྒྱུར་བའི་དོན་ཡིན། སྤྱིར་མི་རིགས་གཉིས་ཀྱི་རིག་གནས་ལ་འབྲེལ་འདྲིས་ཇི་ལྟར་ཟབ་ན་ཐད་སྒྱུར་བྱ་བའི་གོ་སྐབས་ཀྱང་དེ་ལྟར་ཡངས་ཏེ། དཔེར་ན་ལེགས་སྦྱར་སྐད་དང་བོད་ཀྱི་སྐད་རིགས་གཉིས་ལ་བརྡ་སྤྲོད་ལུགས་ལ་སོགས་པའི་ཐད་ཐུན་མོང་གི་མཚུངས་ཆོས་ཤིན་ཏུ་མང་བས་སྐད་ཕན་ཚུན་ལ་ཐད་སྒྱུར་བྱས་ཆོག་པའི་གོ་སྐབས་ཀྱང་ཧ་ཅང་ཡངས། དེ་ཡང་དཔེར་ན་ལེགས་སྦྱར་གྱི་སྐད་པྲཛྙ་ཞེས་པ་ཤེས་རབ་ཏུ་བསྒྱུར་བ་སྟེ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ནི་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་བ་དང་། ཡང་མིང་བརྡ་ཐད་སྒྱུར་བྱེད་དུས་གཙོ་བོ་བསྒྱུར་བྱ་གང་དེའི་ཡིག་འབྲུ་རེ་རེའི་བསྟན་དོན་ལ་གཞིགས་ནས་རང་སྐད་ཀྱིས་མཚོན་པར་བྱེད་པ་སྟེ། “祖国”ལ་མེས་རྒྱལ་དང་། “钢笔”ལ་ལྕགས་སྨྱུག “五脏六腑”ལ་དོན་ལྔ་སྣོད་དྲུག་སོགས་ཚིག་གི་སྦྱོར་བ་གང་ཞིག་དྲང་ཐད་དུ་བསྒྱུར་བ་སྟེ། ཚིག་སྔ་ཕྱིའི་གོ་རིམ་བསྣོར་བའམ་སྣོན་འཕྲི་སོགས་ཆེར་མེད་པར་མ་ཡིག་ལ་ཇི་ལྟ་བ་བཞིན་བསྟུན་ནས་བསྒྱུར་བ་དེ་དག་ཐད་སྒྱུར་གྱི་ཐབས་ལམ་སྤྱོད་ལེགས་པའི་དཔེ་རུ་འོས་སོ།
རྒྱ་བོད་ཡིག་སྒྱུར་ཁྲོད། ཐད་སྒྱུར་བྱེད་དྲགས་ན་ཀློག་པ་པོས་ཐ་སྙད་ལ་གོ་བ་ཆ་ཚང་བ་ཞིག་ལེན་ཐུབ་པར་དཀའ། དཔེར་ན། “主线”ལ་གཙོ་ཐིག་དང་། “绿色食品”ལ་ལྗང་མདོག་བཟའ་བཅའ། “白菜价”ལ་པད་ཚལ་གྱི་རིན་གོང་། དེ་བཞིན“取得了实实在在的成果”ཡི“实实在在”ཞེས་པ་དངོས་དངོས་རྗེན་རྗེན་ལ་བསྒྱུར་ཡོད་པ་སོགས་མང་དག་ཅིག་མཐོང་ཐུབ། དེ་ལྟར་ཐད་སྒྱུར་བྱས་ཚེ་ཐ་སྙད་ཀྱི་གོ་དོན་གསལ་པོ་ཤེས་མི་ཐུབ་པ་མ་ཟད་ཐ་ན་གོ་བ་ལོག་ཉེན་ཡང་ཡོད། རྒྱ་བོད་ཡིག་སྒྱུར་གང་དེའི་འགྱུར་ཡིག་མང་ཚོགས་ཀྱི་འཚོ་བ་དངོས་དང་ཐག་གང་ཉེ་བྱེད་དགོས་པ་སྟེ། ཡིག་སྒྱུར་མཁན་གྱིས་མ་ཡིག་གི་ནང་དོན་ལ་གོ་བ་དཔྱིས་ཕྱིན་པ་ལོན་པའི་རྨང་གཞིའི་ཐོག བསྒྱུར་བྱའི་ནང་དོན་དེ་ཉིད་མང་ཚོགས་ཀྱིས་གོ་བདེ་བ་ཞིག་བྱུང་ཚེ། ད་གཟོད་རྒྱ་བོད་ཡིག་སྒྱུར་གྱི་རིན་ཐང་གང་ལེགས་མངོན་ཐུབ་པར་གདོན་མི་ཟ། དེའི་ཕྱིར་ཐ་སྙད་དེ་དག་ཇི་མ་ཇི་བཞིན་དང་གོ་བདེ་རྟོགས་སླའི་ངང་ནས། “གཙོ་རྐང་དང་། ལྷད་མེད་ཟས་རིགས་སམ་གནོད་མེད་ཟས་རིགས། གོང་ཁེ་པོ། ཁ་ཡོད་ལག་ཡོད”བཅས་སུ་བསྒྱུར་ན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གོ་བདེ་བ་མ་ཟད། བོད་སྐད་ཡིག་གི་བརྡ་སྤྲོད་པའི་ལུགས་དང་ཡང་དེ་བས་མཐུན་པར་སྙམ།
གཉིས་པ། དོན་སྒྱུར་ཡང་དག་མ་བྱུང་བའི་སྐྱོན།
དོན་སྒྱུར་ནི་བསྒྱུར་བྱ་གང་གི་ཚིག་ཟིན་གྱི་ནང་དོན་སོགས་གཙོ་བོར་མི་འཛིན་པར་བརྗོད་བྱའི་བསྟན་བྱ་སྤྱི་ལ་གཞིགས་ནས་ནང་དོན་ལྟར་བསྒྱུར་བའི་ཐབས་ཤིག་ལ་བྱ་སྟེ། དེ་ཡང་སྒྱུར་བྱེད་སྐད་ཆའི་སྦྱོར་ལུགས་དང་ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་བསྟུན་ནས་ཚིག་ལ་སྣོན་འཕྲི་དང་སྣོར་སྒྱུར་སོགས་ཅི་བདེར་བྱས་ཆོག བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སུ་བསྟན་པ་སྔ་དར་སྐབས་ཀྱི་ལོ་པཎ་རྣམས་ཀྱིས་གཙོ་བོ་སྒྱུར་ཐབས་འདི་ཉིད་སྤྱད་པ་ཤུགས་ཆེ་སྟེ། དཔེར་ན། “ཡོ་ག”ལ་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའམ་འབྱོར་བས་ན་རྣལ་འབྱོར་ཞེས་བསྒྱུར་བ་དང་། རྒྱ་གར་གྱི་སྐད“མནྟྲ”ཞེས་པའི་མ་ནཱ་ནི་ཡིད་དང་ཏྲ་ནི་སྐྱོབ་པ་སྟེ། ཡིད་སྐྱོབ་པའི་དོན་ཡིན་པས་བོད་སྐད་དུ་སྔགས་ཞེས་བསྒྱུར་ཡོད་པ་ནི་རང་གི་ཡིད་ཐ་མལ་རང་དགའ་བའི་སྣང་བ་དང་ཞེན་པ་ལས་སྐྱོབ་པར་བྱེད་ཐུབ་པའི་དོན་ཡིན་ནོ།
རྒྱ་བོད་ཡིག་སྒྱུར་སྐབས་སུ་སྒྱུར་ཐབས་གང་ཞིག་སྤྱད་རུང་། མ་ཡིག་གི་ནང་དོན་དེ་བུ་ཡིག་ཏུ་ཇི་མ་ཇི་བཞིན་གོ་བརྡ་ཡག་པོ་སྤྲོད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེའི་ནང་ནས་ཀྱང་དོན་སྒྱུར་གྱི་ཐབས་ལམ་ལ་བརྟེན་དགོས་པ་ནི་གཙོ་བོ་རེད། དཔེར་ན། “高铁在花海中穿行”ཞེས་པ་དེ་མྱུར་བགྲོད་མེ་འཁོར་མེ་ཏོག་གི་རྒྱ་མཚོ་ནས་སྐྱོད་ཅེས་པར་བསྒྱུར་ན་མི་སྙན་པས་དེ་མྱུར་བགྲོད་མེ་འཁོར་མེ་ཏོག་གི་གླིང་ནས་སྐྱོད་ཅེས་སུ་བསྒྱུར་ན་ལེགས་སྙམ། ཡང་དཔེར་ན། “无人区”ཞེས་པ་ཐད་ཀར་མི་མེད་ཁུལ་ལམ་མི་མེད་ས་ཁོངས་ཞེས་པར་བསྒྱུར་ཡོད་པ་མང་དག་མཐོང་རྒྱུ་འདུག འོན་ཀྱང་དེ་ལྟ་བུར་བསྒྱུར་ན་མིང་ཚིག་གི་དོན་ངོ་མ་སྟོན་མི་ཐུབ་པ་མ་ཟད་གོ་བའང་ལོག་ཉེན་ཆེ་བས། དེའི་གོ་དོན་ལྟར་འཚོ་གནས་དཀའ་བའི་ཁུལ་ལམ་ཡང་ན་མི་མེད་ལུང་སྟོང་ཞེས་སུ་བསྒྱུར་ན་ལེགས་སྙམ། གཞན་ཡང་། ད་དུང“瓶颈”ལ་འགལ་རྐྱེན་ནམ་འགག་གནས་དང་། “人气”ལ་མི་གཞིའམ་དགའ་པོ་བྱེད་ཚད་ཅེས་བསྒྱུར་ན་ཐ་སྙད་ཀྱི་གོ་དོན་གསལ་པོ་སྟོན་མི་ཐུབ་པས། “瓶颈”ལ་འཇུར་མིག་དང་། “人气”ལ་སྐད་གྲགས་ཞེས་ཚིག་གི་འགྲོས་ལ་མི་བསྟུན་པར་བརྗོད་དོན་ཧྲིལ་པོར་གཞིགས་ནས་བསྒྱུར་ན་ལེགས་སྙམ།
གསུམ་པ། བྱ་ཚིག་ཟློས་ནས་སྤྱོད་པའི་སྐྱོན།
དེང་སྐབས་རྒྱ་བོད་ཡིག་སྒྱུར་ཁྲོད་མ་ཡིག་གི་བརྡ་སྤྲོད་དང་བསྟུན་དྲགས་ནས། བྱ་ཚིག་ཉིས་བརྩེགས་སུམ་བརྩེགས་གང་སར་མཐོང་རྒྱུ་ཡོད། འདི་ནི་སྒྱུར་མཁན་ལ་མཚོན་ན་སྐྱོན་ཆ་ཆེ་ཤོས་ཤིག་རེད་སྙམ། མ་ཡིག་ཏུ་བྱ་བ་མི་འདྲ་བ་གཉིས་ཀྱི་བྱ་ཚིག་བསྡུས་རྗེས། བྱ་བ་དེ་གཉིས་འགོག་པའམ་སྒྲུབ་པའི་བྱ་ཚིག་གཅིག་སྦྱོར་སྲོལ་ཡོད་པ་དཔེར་ན། མེ་འབར་བ་དང་ཆུ་འཛག་པ་འགོག་པ་ལ་འབར་འཛག་འོག་ཅེས་དང་། སེམས་ནང་དུ་བྱིང་བའམ་མི་གསལ་བ་དང་སེམས་རྣམ་པར་གཡེང་བ་མི་གནས་པ་སྤོང་བ་ལ་བྱིང་རྒོད་སྤོང་བ། བསམ་པའི་དཔལ་ཡོན་འཛུགས་པ་དང་སྔོན་ཐོན་གཏོད་པ་ལ་འཛུགས་གཏོད་བྱེད་སོགས་ལྟ་བུ་བྱ་ཚིག་སོ་སོར་རང་རང་གི་འཇུག་ཡུལ་མི་འདྲ་བ་རེ་ཡོད། འོན་ཀྱང་དེང་སྐབས་འཐོན་བཞིན་པའི་བྱ་ཚིག་ཉིས་བརྩེགས་སུམ་བརྩེགས་རྣམས་ཀྱི་འཇུག་ཡུལ་བྱ་བ་གཅིག་རང་མི་སྟོན་ཏེ། དཔེར་ན། སྣུམ་རྫུན་བཟོ་བྱེད་མཁན་ནག་ཚོགས་ཤིག་འཛིན་བཟུང་བྱས་འདུག་ཅེས་པར་མཚོན་ན། བཟོས་ནའང་འདྲ། བྱས་ནའང་རུང་། བྱ་བ་སྣུམ་རྫུན་མ་བཟོས་པ་དེ་ཁོ་ན་ཡིན་ཞིང་། བཟུང་ནའང་རུང་འཛིན་ཡང་ཆོག བཟུང་ཡུལ་ནག་ཚོགས་དེ་ཁོ་ན་ཡིན་གཤིས། བརྗོད་པ་འདི་རིགས་ནི་བྱ་ཚིག་ཟློས་སྐྱོན་གྱི་དཔེ་མཚོན་འཁྲུལ་མེད་ཅིག་རེད། བརྗོད་པ་འདིར་མཚོན་ན། དང་ཐོག་སྒྱུར་མཁན་གྱིས་རྫུན་མ་བཟོ་བ་བསྡུས་ནས་རྫུན་བཟོ་ཞེས་བཤད་ན་མི་བདེ་བས། རྫུན་བཟོ་བྱེད་མཁན་ཞེས་བྱེད་ལ་བརྟེན་ནས། བརྗོད་པ་བདེ་རུ་གཏོང་ཁུལ་བྱས་པ་རེད། དེ་ནས་སྒྱུར་མཁན་གྱིས་རྒྱ་ཡིག“逮捕”ཞེས་པའི་ཡིག་འབྲུ་འདི་གཉིས་སོ་སོར“逮”ལ་འཛིན་དང“捕”ལ་བཟུང་ཞེས་མ་ཡིག་ལ་བསྟུན་ཁུལ་བྱས་པའི་མཇུག་འབྲས་འཛིན(ད་ལྟ་བ)བཟུང(འདས་པ)ཞེས་བྱ་བ་གཅིག་གི་བྱ་ཚིག་ངོ་བོ་མི་འདྲ་བ་གཉིས་རྟ་གཡག་མགོ་སྦྲེལ་བྱས་པའི་མཐའ་མ་ད་དུང་དོན་ཡག་པོ་སྟོན་མ་ཐུབ་སྟབས། སླར་ཡང་ཚིག་གྲོགས“བྱས”ཁ་སྣོན་བྱས་ནས་དོན་སྟོན་ཐུབ་ཙམ་བྱུང་བ་རེད། དོན་དུ་དེང་སྐབས་རྒྱ་སྐད་ལ“逮捕”དང“学习” “运输” “叫喊”སོགས་དོན་གཅིག་བྱ་ཚིག་མཉམ་དུ་སྦྱར་ནས་བྱ་བ་གཅིག་སྟོན་པ་ཤིན་ཏུ་མང་པོ་བྱུང་བ་དེ་དག་ནི་དེང་སྐབས་རྒྱ་ཡིག་རང་གི་སྐད་འགྲོས་དང་མཐུན་པ་ཡིན་མོད། འོན་ཀྱང་དེ་ལྟར་དུ་བོད་ཡིག་ལ་བསྒྱུར་ན། ཀློག་པ་པོ་རྣམས་མགོ་བོ་དཀྲུག་དཀྲུག་བྱེད་པའི་གནས་སུ་གྱར་སྲིད། དེར་བརྟེན། གལ་སྲིད་ང་ཚོས་གོང་གི་བརྗོད་པ་དེ། སྣུམ་རྫུན་མ་བཟོ་མཁན་ནག་ཚོགས་ཤིག་བཟུང་པ་ཞེས་སུ་བསྒྱུར་ན། མ་ཡིག་གི་དོན་དང་མི་འགལ་ཞིང་། བོད་སྐད་ཀྱི་བརྡ་སྤྲོད་དང་མཐུན་པ། ཀློག་པ་པོས་གོ་བདེ་བ་མ་ཟད་ཚིག་ཉུང་དོན་སྒྲིལ་གོ་བདེ་ཤེས་སླའི་བླང་བྱ་དང་འཚམ་པ་ཞིག་བྱུང་བ་མ་ཡིན་ནམ། དེ་བཞིན་དུ་འབྲུ་རིགས་འདེབས་འཛུགས་བྱས། རིམ་སྤོར་བྱས། སོར་འཇོག་བྱས་ལྟ་བུར་མཚོན་ན་ཡང་། འབྲུ་རིགས་བཏབ། རིམ་པ་སྤར། རང་སོར་བཞག་ཅེས་སོ་སོར་ཕྲལ་ནས་མ་ཡིག་གི་དོན་དང་མ་འགལ་ཞིང་བརྡ་སྤྲོད་ཀྱི་ལུགས་དང་མཐུན་པ་མ་ཟད། རྒྱ་ཆེའི་ཀློག་པ་པོས་གོ་བདེ་བར་བྱེད་གལ་ཆེའོ།
མདོར་ན། རྒྱ་བོད་ཡིག་སྒྱུར་ནི་དང་ཐོག་མར་ཐ་སྙད་ཡིག་སྒྱུར་ཡག་པོ་བྱེད་པ་ནས་འགོ་རྩོམ་དགོས་པ་དང་དེས་རྨང་རྡོ་དང་གྲུ་ཡོར་ལྟ་བུའི་ནུས་པ་འགངས་ཆེན་སྟོན་བཞིན་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་ཐ་སྙད་ཤེས་བྱ་མང་ཙམ་གསོག་འཇོག་དང་། ཐ་སྙད་ཀྱི་གོ་བ་ལེན་ནུས་དང་བསམ་གཞིག་བྱེད་ནུས་མཐོ་རུ་གཏོང་དགོས་པ་དང་། ལྷག་པར་ཏུ་ཐ་སྙད་སྒྱུར་སྐབས་ཐད་སྒྱུར་དང་དོན་སྒྱུར་གཙོས་པའི་སྒྱུར་ཐབས་དག་ཡང་དག་ངང་སྤྱད་ཚེ། ད་གཟོད་རྒྱ་བོད་ཡིག་སྒྱུར་གྱི་བྱ་གཞག་དེ་སྤུས་ཚད་ལེགས་པ་དང་ཕན་འབྲས་ཆེ་བ་ཞིག་ཡོང་རྒྱུ་མ་ཟད། མི་རིགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ།
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་སྐལ་བཟང་སྒྲོལ་དཀར)