ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུར་དམ་པོར་དམིགས་ནས“གཞི་རིམ་དུ་གཤམ་སྤེལ་བཞི”ལག་ལེན་ཧུར་ཐག་བསྟར་བ་དང་འཚོལ་ཞིབ་དང་ལག་ལེན་རྒྱུན་ཆད་མེད་པར་བྱས་ཏེ། ཕན་འབྲས་ཀྱིས་ཕྱུག་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་གཞི་རིམ་དུ་ཏང་གི་སྲིད་ཇུས་དོན་འཁྱོལ་ཡོང་བ་དང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་ཐབས་བྱས་ཡོད།
2024ལོར་ལྷོ་རོང་རྫོང་གི་ཏང་ཡོན་དང་ལས་བྱེད་པས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གཞི་རིམ་དུ་བསྐྱོད་ཅིང་། ཁང་གསར་གྲོང་རྡལ་ཁང་གསར་གྲོང་ཚོའི“གསར་བརྗེའི་ཆབ་མདོ། དར་རྒྱས་འབད་འབུངས”ཞེས་པའི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་གྱི་འགྲན་བསྡུར་ནང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བསོད་ནམས་ཚེ་སྐྱིད་ལ་ཚང་མས་དོ་ཁུར་ཆེན་པོ་བྱེད་པ་སྟེ། ཁོང་གིས་སྡིངས་ཆའི་སྟེང་ལངས་ནས་བློ་རྩ་བརྟན་པོས་ཏང་གི་དམངས་ཕན་སྲིད་ཇུས་གླེང་བཞིན། སྐད་གསང་མཐོ་ལ་ཡིད་དབང་འགུག་ཤུགས་ཆེ་བའི་ཁོང་གི་སྐད་སྒྲ་ལས་ཡུལ་མི་མི་རེ་ངོ་རེས་ཏང་གིས་ཐུགས་ཁུར་གནང་ལུགས་ཚོར་ཡོད།
2024ལོར་ལྷོ་རོང་རྫོང་གི་ཤང(གྲོང་རྡལ)ཏང་ཨུད་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རིགས་ཁག་གི་སྒྲོག་འགྲེལ་བྱེད་སྒོ་ཐེངས་343ཧུར་ཐག་སྤེལ་བར་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་28797ཟིན་པ་དང་། “དམངས་འཚོའི་བྱ་བ་ཁག་21”གི་གཟིགས་སྐྱོང་སྲིད་ཇུས་དང་དེ་བཞིན“འབབ་འཕར་གྱི་བྱེད་ཐབས་ཁག་བཅུའི”འགྲེལ་བཤད་དང་སྒྲོག་འགྲེལ་ཐེངས་1512བྱས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་སྤྱི་དམངས་ཅན་གྱི་དྲིལ་བསྒྲགས་ལེ་ཚན་48བཏོད་པ། དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་བརྙན་ཐུང་10བཅས་བཟོས་པ་རེད།
2024ལོར་ཆབ་མདོ་གྲོང་ཁྱེར་གྱི་ལྷོ་རོང་རྫོང་རྔུལ་ཤོད་ཤང་ཞོལ་བ་མཐོང་གྲོང་ཚོར་བཅའ་སྡོད་ཆབ་མདོ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ་བྱེད་པའི”བྱེད་སྒོ་སྤེལ་རིང་ཞིབ་ཚགས་ལ་གཏིང་ཟབ་པའི་ལས་ཀའི་སྤྱོད་ཚུལ་མངོན་ཡོད། རུ་དཔོན་གྱིས་རུ་མི་ཁྲིད་དེ་ཁྱིམ་ཚང་མི་རེ་ངོ་རེར་ཕྱིན་ནས་ཁྱིམ་ཚང་གི་དོན་དག་ཙག་ཙིག་ནས་ཐོན་སྐྱེད་དང་འཚོ་བའི་སྐོར་གྱི་སྙིང་གཏམ་ལྷུག་པོར་གླེང་རིང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་ཕྱིར་ཚོང་བྱེད་པར་དཀའ་ངལ་ཡོད་པ་ཤེས་རྟོགས་བྱུང་རྗེས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ་གང་སར་ཕྱིར་ཚོང་ཐབས་ལམ་འཚོལ་རོགས་བྱས། འབད་བརྩོན་ལྷོད་མེད་བྱས་མཐར་ཞོལ་བ་མཐོང་གྲོང་ཚོའི་དབྱར་རྩྭ་དགུན་འབུ་700ལྷག་ཙམ་བདེ་བླག་ངང་འཚོང་རོགས་བྱས་པར་ཡོང་འབབ་སྒོར་ཁྲི་3.2བྱུང་ནས་གྲོང་མིའི་འབབ་འཕར་ལ་རམ་འདེགས་ཆེན་པོ་བྱས་པ་རེད།
རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པ་དང་ཤོ་མདོ་གྲོང་རྡལ་བདག་དབང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་བློ་བཟང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་ལས་བྱེད་པ་གྲོང་སྡོད་ལས་དོན་གྱིས་ཡུལ་དངོས་ཀྱི་ལྟ་སྦྱོང་སྤེལ་རེས་ཚོགས་འདུའི་ཐོག་རང་ཉིད་ཀྱི་གཞི་རིམ་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ཁོང་གིས་གཞི་རིམ་གྱི་ལས་ཀའི་ཁྲོད་མང་ཚོགས་དང་གཅིག་སེམས་གཅིག་སྦྲེལ་བྱེད་དགོས་པ་མ་ཟད། “སེམས་ནུས་ཡོད་རྒུས་ཉན་པ་དང་བརྩེ་སེམས་ལ་བརྟེན་ནས་ཞབས་འདེགས་ཞུ་བའི”ལས་ཀའི་འདུ་ཤེས་ཀྱང་བཏོན་ཡོད། 2024ལོར་ལྷོ་རོང་རྫོང་གི་ཏང་ཡོན་དང་ལས་བྱེད་པས“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བསམ་བློའི་འདུ་ཤེས་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། རང་འགུལ་ངང“གཞི་རིམ་དུ་ངོ་བཅར་དང་ལེན”བཅས་བྱས་ཏེ། ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་གཞི་རིམ་དུ་འགལ་བ་དང་རྩོད་གཞི་འབོར་ཆེན་ཐག་གཅོད་དང་མང་ཚོགས་ཀྱི་སེམས་གཏམ་ཉན་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཤིང་། “དོན་ཆུང་གྲོང་ཚོ་ནས་ཐོན་མི་དགོས་པ་དང་། དོན་ཆེན་གྲོང་རྡལ་ནས་ཐོན་མི་དགོས་པ། འགལ་ཟླ་མཉམ་དུ་སེལ་བ”བཅས་བྱས་ཡོད།
2024ལོར་ལྷོ་རོང་རྫོང་གིས་དམངས་འཚོའི་འགན་སྲུང་ལ་ནུས་ཤུགས་ཡོད་རྒུས་གཞོལ་ནས་སྤྱི་ཚོགས་རོགས་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ཏང་ཡོན་དང་ལས་བྱེད་པས་དཀའ་ངལ་ཡོད་པའི་ཚོགས་སྤྱི་དབྱེ་འབྱེད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཐ་སྐྱོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། ཤང་དང་གྲོང་རྡལ་ཁག་གི་དབུལ་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་པ་དང་འབྲེལ་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་དམིགས་ནས་སྔོན་ལ་རོགས་སྐྱོར་བྱེད་ཐབས་སྤྱད་པ་དང་། གྲོང་ཚོ་རིམ་པའི་ཐོན་ལས་རྣམ་གྲངས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པས་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཏན་ཏིག་སོང་ཡོད།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་ལྷོ་རོང་རྫོང་གི་ཏང་ཡོན་དང་ལས་བྱེད་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་དང་ལས་འགན་གསལ་འགྲེལ་བྱས་ཤིང་། གཞི་རིམ་གྱི་ཕྱོགས་གང་སར་བསྐྱོད་དེ“དྲིལ་བསྒྲགས་པ”དང་། “བརྟག་ཞིབ་པ”“འདུམ་འགྲིག་པ”“ཞབས་ཞུ་བ”བཅས་ཀྱི་ཐོབ་ཐང་ལ་བརྟེན་ནས“གཞི་རིམ་དུ་གཤམ་སྤེལ་བཞིའི”བླང་བྱ་ལག་ལེན་བསྟར་ཏེ། ཏང་གི་སྲིད་ཇུས་ཀྱི་མེ་ཏོག་གཞི་རིམ་དུ་བཞད་ནས་འབྲས་བུ་འདོགས་པ་དང་མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱས་ཏེ་ལྷོ་རོང་རྫོང་གི་འཕེལ་རྒྱས་ལ་མུ་མཐུད་སྒུལ་ཤུགས་བསྣན་ཡོད།