03

༄༅། །སེམས་ཀྱི་གནས་འགྲོ་བུ་མོ། བན་ཤུལ་དཔལ་ལོ། 2025年06月08日

སེམས་ཀྱི་གནས་འགྲོ་བུ་མོ། །

སྟག་ཤར་སེམས་ཀྱི་མེ་ཏོག །

ཉི་ཤུའི་སྣང་བ་མཐུན་ས། །

ལང་ཚོའི་འཁྲི་ཤིང་ལྡེམ་ས། །

སྙན་ངག་ཚིག་གིས་མཚོན་པའི། །

སྙིང་གི་ཆུང་འདྲིས་ཁྱེད་ཡིན། །

གླུ་ངག་བསྟོད་གསུམ་ཞུ་སའི། །

ཚེ་གཅིག་སྐྱ་ཡ་ཁྱེད་ཡིན། །

སྐྱིད་ན་རྩེད་ཡ་དགོད་རོགས། །

སྡུག་ན་མིག་ཆུ་འདོན་རོགས། །

དུས་གསུམ་འཁོར་བའི་ཀློང་གི །

དྲན་པའི་རྟེན་ཕུར་ཁྱེད་ཡིན། །

གསོན་ན་ཁྱིམ་གཞིས་གཅིག་ཡིན། །

ཤི་ན་དུར་སྒམ་གཅིག་ཡིན། །

འཕྲད་ན་དགའ་བའི་གྲོགས་ཡིན། །

བྲལ་ན་སྨྲེང་བའི་གཞི་ཡིན། །

སྤྲིན་དཀར་འོག་ན་ཡོད་རེད། །

སྨུག་པའི་གསེབ་ན་ཡོད་རེད། །

འཇའ་གུར་ཀློང་ན་ཡོད་རེད། །

རྨི་ལམ་ནང་ན་ཡོད་རེད། །

མི་རྐྱང་སྙིང་གི་ཐིག་ལེ། །

ཁེར་རྐྱང་ཡིད་ཀྱི་འཚེར་ཡ། །

དབྱར་གྱི་བསིལ་གྲིབ་ལྗོན་པ། །

དགུན་གྱི་པགས་ཚག་དྲོན་མོ། །

ཉིན་གྱི་འོད་སྣང་ཁྱེད་ཡིན། །

མཚན་གྱི་རྨི་ལམ་ཁྱེད་ཡིན། །

དཔྲལ་བའི་མིག་ཟུང་ཁྱེད་ཡིན། །

སྙིང་གི་དུམ་བུ་ཁྱེད་ཡིན། །

ལྷག་བསམ་དམར་པོ་མེ་ཡིན། །

རང་གཤིས་འོ་མའི་མདངས་ཡིན། །

བརྩེ་བ་མཚོ་ལས་ཟབ་ཡིན། །

ཁྲེལ་གཞུང་སྦྲང་རྩིའི་བཅུད་ཡིན། །

ཕོ་བརྒྱའི་སེམས་པ་ཤོར་ས། །

མོ་བརྒྱའི་སྨོན་པ་འཆོར་ས། །

སེམས་ཀྱི་གནས་འགྲོ་བུ་མོ། །

འཛམ་གླིང་བུ་མོའི་རྒྱན་ཡིན། །

ཨ་ཇོ་གཞོན་ནུའི་བརྩེ་འཕྲིན། །

ཚིག་གསུམ་བསྟོད་པའི་དར་སྐུད། །

སྙན་ངག་བརྡ་ལ་དྲངས་ནས། །

བུ་མོའི་ཕྱོགས་ལ་བསྐུར་ཡོད། །