07

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས། རྫོང་གྲོང་གི་སྔོ་འགྱུར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་གནས་འཕྲོད་སྐྱེ་ཁམས་རྫོང་གྲོང་བསྐྲུན་པ། 2025年06月06日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྤུས་ལེགས་ཀྱི་གྲོང་ཁྱེར་སྔོ་འགྱུར་མ་ལག་བསྐྲུན་རྒྱུ་ལྟེ་བར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་དམིགས་ཚད་ལ་གཞིགས་པ། ཚན་རིག་དང་མཐུན་པའི་ངང་སྤྱི་གླིང་དང་འགྲོ་ལམ་སོགས་ཁུལ་ཡོངས་ཀྱི་སྤང་ལྗོངས་མཛེས་སུ་གཏོང་བ། སྤྱི་གླིང་ཆུང་གྲས་རིམ་སྤོར་དང་སྤང་ལྗོངས་རྙིང་པ་སྒྱུར་བཀོད་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་རེད།

ཉེ་ཆར། གསར་འགོད་པས་མལ་གྲོ་གུང་དཀར་རྫོང་མྱུར་བགྲོད་ལམ་མདོའི་ཨར་ལས་ཁུལ་ནས་མཐོང་བར། འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་ལས་གཞས་མཉམ་དུ་བསྡེབས་པའི་ཚ་ཚ་འུར་འུར་གྱི་ལས་བྲེལ་རྣམ་པ་ཞིག་མངོན་ཞིང་། སྔོ་འགྱུར་བཟོ་པས་ལྕགས་ཁྱེམ་ཁྱེར་ནས་རྒྱ་ལྕང་དང་ཁམ་སྡོང་སོགས་སྡོང་རྐང་རེ་རེ་བཞིན་ས་དོང་དུ་བཙུགས་ཏེ། ས་རྒྱོང་བ་དང་། ས་བཅག་གཏོང་བ། ཆུ་རྒྱག་པ་བཅས་བྱས་ནས་འགྲོ་ལམ་གྱི་ཡུལ་ལྗོངས་མཛེས་སུ་བཏང་བ་རེད།

ཐང་སྐྱ་ཤང་གི་ཡུལ་མི་ཚེ་རིང་རྡོ་རྗེས་གསར་འགོད་པར།“ངའི་ལས་ཀ་གཙོ་བོ་ནི་རྩྭ་འདེབས་པ་དང་། ལུད་རྒྱག་པ། ཆུ་གཏོང་བ་སོགས་ཡིན། ཉིན་གླ་སྒོར་200ལྷག་ཙམ་རག་གི་འདུག་པས། རང་ཉིད་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཕ་ཡུལ་གྱི་སྔོ་འགྱུར་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་ཀྱི་འདུག”ཅེས་བརྗོད།

མལ་གྲོ་གུང་དཀར་ནགས་ལས་སྔོ་འགྱུར་ཀུང་སིའི་ལག་རྩལ་པ་ལེང་ཁྲང་མིང་གིས། ཡུག་ཁུལ་དེའི་སྔོ་འགྱུར་ལ་གསོམ་ཤིང་དང་། རྒྱ་ལྕང་། ཧའེ་ཐང་སོགས་ལྗོན་ཤིང་རིགས་10ལྷག་ཙམ་བཏབ་པ་དང་ཆབས་ཅིག སྤང་མཉམ་དུ་བཏབ་པས་བང་རིམ་མང་བའི་སྔོ་འགྱུར་མཛེས་ལྗོངས་གྲུབ་ཡོད་ཅེས་ངོ་སྤྲོད་བྱས།

གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད།

(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)