03

༄༅། །བྱིས་པའི་དུས་ཆེན་དགའ་གཏོང་བྱེད། སྨྱུག་ཞེན། 2025年06月01日

མེ་ཏོག་སྣ་མང་བཞད་པའི་གུར་ཁྱིམ་ན། །

ཕྱེ་ལེབ་སྒེག་མོའི་གཤོག་གླུ་སྙན་ཞིང་འཇེབས། །

དགའ་བདེ་ལོངས་སྤྱོད་འཛོམས་པའི་དྲུག་གཅིག་ཉིན། །

བྱིས་པའི་ཚོཊ་རྣམས་དགའ་བདེའི་དཔལ་གྱིས་མྱོས། །

ཀ་ཁའི་གདངས་དབྱངས་སྙན་མོ་ངག་ལ་གྱེར། །

དབྱངས་གསལ་ཚིག་གི་མེ་ཏོག་མགུལ་ལ་བཏགས། །

ཤེས་རིག་གསེར་གྱི་ནོར་འཛིན་ལྟེ་བ་རུ། །

ཡིད་འོང་ན་ཆུང་དྲུག་གཅིག་དཔལ་ལ་རོལ། །

དགའ་བའི་བྲོ་འཁྲབ་སྐྱིད་པའི་གླུ་དབྱངས་ལེན། །

དམུལ་བའི་འཛུམ་ཡག་དགོད་པའི་སོ་ཕྲེང་དཀར། །

སྤྲོ་སྣང་སྟོང་གིས་བཞེངས་པའི་དུས་ཆེན་ཏེ། །

དྲུག་གཅིག་བྱིས་པའི་དུས་ཆེན་ཨེ་མ་སྐྱིད། །

ཡུན་རིང་ཉར་བའི་རྨི་ལམ་མཚར་པོ་ཞིག །

ཉི་ཟེར་བཞིན་དུ་དེ་རིང་ཚེས་པའི་དུས། །

སྤྲོ་བ་ཀུན་འཕེལ་ན་ཆུང་བྱིས་པ་ཚོ། །

ཚེ་གཅིག་ཤེས་རབ་ཕ་རོལ་ཕྱིན་པར་སྨོན། །

ཤེས་རིག་མེ་ཏོག་ལྡེམ་པའི་སྐྱེད་ཚལ་ན། །

གནས་ལྔའི་འདབ་མ་རྒྱས་པའི་པདྨོ་ལས། །

ལེགས་གསུང་བཅུད་ལེན་ན་ཆུང་བྱིས་པ་ཚོ། །

རྟག་ཏུ་ཤེས་རབ་ལྷ་ཡིས་བྱིན་རླབས་སྩོལ། །

མཚར་སྡུག་ལང་ཚོའི་མེ་ཏོག་རབ་རྒྱས་ཤིང་། །

སྙན་འཇེབས་ངག་ལ་བདེན་པའི་ང་རོ་ལྡན། །

བློ་གསལ་བློ་ལྡན་ན་ཆུང་བྱིས་པའི་ཚོགས། །

མ་འོངས་འདུན་མ་ལྷུན་གྱིས་འགྲུབ་པར་ཤོག །

བྱིས་དུས་ས་བོན་ལེགས་པ་ཅི་བཏབ་པས། །

གཞོན་དུས་མཛེས་པའི་འཁྲི་ཤིང་བླ་ན་མཐོ། །

རྒས་དུས་ལྗོན་པའི་འདབ་ལག་རབ་ཏུ་རྒྱས། །

རེ་བའི་ས་བོན་ཐོབས་ཤིག་ན་ཆུང་ཚོགས། །

ཀཱ་ལི་སུམ་ཅུའི་སྒྲ་དབྱངས་སྙན་པ་ཡི། །

ཁ་བའི་ལྗོངས་ཞེས་མཆོག་ཏུ་གྱུར་པ་དེར། །

ག་ལེར་སློབ་ལ་བརྩོན་པའི་ན་ཆུང་ལ། །

ང་ཡིས་སེམས་ནས་ཚིག་འདི་སྙན་དུ་ཕུལ། །