འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རས་ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་གིས་ཕན་ནུས་ཆེ་ཞིང་སྟབས་བདེ་བའི་ཁྲིམས་འཛིན་ཞབས་འདེགས་ཞུས་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ཞུ་སྦྱོར་སྔ་མ་ཚོང་དོན་ཚད་ཡོད་ཀུང་སི་ཞིག་དང་ཞུ་སྦྱོར་ཕྱི་མ་ཏེང་ཆེ་གེ་མོ་གཉིས་དབར་ཉོ་ཚོང་གན་རྒྱའི་འབྲེལ་བ་ཡོད་པ་དང་། 2023ལོ་ནས་བཟུང་ཞུ་སྦྱོར་ཕྱི་མས་ཞུ་སྦྱོར་སྔ་མའི་ས་ནས་དངོས་ཟོག་ཡུན་རིང་ཉོས་ཏེ་ཕྱོགས་གཉིས་པོས་སྐད་འཕྲིན་བརྒྱུད་ནས་མངགས་ཐོ་བཏང་བ་མ་ཟད། རྩིས་ཐོ་ཞིབ་བསྡུར་བྱེད་ཀྱི་ཡོད། འོན་ཀྱང་2024ལོའི་ལོ་མཇུག་བར། ཚོང་དོན་ཚད་ཡོད་ཀུང་སི་ལ་དངོས་ཟོག་ཉོས་པའི་ཁྱོན་སྒོར་ཁྲི་བཞི་ལྷག་ཙམ་ཆད་པས། ཞུ་སྦྱོར་སྔ་མས་དངུལ་ཐེངས་མང་དེད་ཀྱང་དོན་འབྲས་མ་སྨིན་སྟབས་ཏེང་ཆེ་གེ་མོ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ།
སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་དིང་ལ་དོ་བདག་གིས་སྦྲག་ཐོག་ནས་བསྐུར་བའི་ཞུ་གཏུག་དཔྱད་ཡིག་འབྱོར་རྗེས། ཞིབ་བཤེར་བྱས་པ་བརྒྱུད་གྱོད་དོན་དེའི་དོན་དངོས་ཁ་གསལ་ཞིང་དཔང་རྟགས་ཁུངས་བཙན་ཡིན་པ་ཤེས་རྗེས། ཞུ་སྦྱོར་སྔ་མ་དང་ཕྱི་མ་གཉིས་ཀ་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་ཕ་ཡུལ་དུ་ལོག་ནས་ས་ཆ་གཞན་དུ་སླེབས་ཟིན་པར་བསམ་གཞིག་དང་དོ་བདག་ལ་སྟབས་བདེ་ཡོང་ཆེད། བརྙན་ལམ་ནས་འདུམ་འགྲིག་བྱེད་པའི་བྱ་ཐབས་སྤྱད་དེ་ལས་དོན་སྤེལ་རྒྱུའི་ཐག་བཅད་ཅིང་། འདུམ་འགྲིག་བྱེད་རིང་། ཁྲིམས་དཔོན་གྱིས་དོ་བདག་ཕྱོགས་གཉིས་པོར་བཅའ་ཁྲིམས་ནས་རྒྱུ་མཚན་དྲངས་པ་མ་ཟད། ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་པས་ཕྱོགས་གཉིས་པོའི་བསམ་འཆར་གཅིག་མཐུན་བྱུང་སྟེ་ཞུ་སྦྱོར་ཕྱི་མ་ཏེང་ཆེ་གེ་མོས་རང་འགུལ་ངང་ཉིན་བཅུའི་ནང་དངུལ་ཚང་མ་གཙང་རྩིས་བྱ་རྒྱུའི་མོས་མཐུན་བྱས། ཞུ་སྦྱོར་སྔ་མས་ད་རེས་ཀྱི་འདུམ་འགྲིག་མཇུག་འབྲས་ལ་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཡོད་པ་རེད།