འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མིག་སྔར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་གི་རི་འཛེག་ལུས་སྦྱོང་རྐང་ལམ་གྱི་འཛུགས་སྐྲུན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས། ས་གནས་དེ་གའི་མང་ཚོགས་ལ་སྤྲོ་གསེང་ལུས་སྦྱོང་བྱ་ཡུལ་གསར་པ་ཞིག་བསྐྲུན་རྒྱུ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། རི་འཛེག་རྐང་ལམ་རྣམ་གྲངས་དེའི་འགོ་འཛུགས་ས་དཔལ་མོ་བླ་མཚོའི་ལྷོ་ནུབ་མཚམས་སུ་གནས་པ་དང་མཇུག་སྒྲིལ་ས་འཇུན་པ་རི་ཁྲོད་ཀྱི་རི་རྩེ་ཡིན། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྨི་1154.9ཙམ་ཡོད་པ་དང་མ་དངུལ་བསྡོམས་སྒོར་ཁྲི་418.1བཏང་བ་རེད། རྐང་ལམ་ལ་ཤིང་ཆ་བཏིང་བ་དང་ཇུས་འགོད་བྱས་པའི་ཞེང་ཚད་ཆེ་ཤོས་ལ་སྨི་1.5ཟིན་གྱི་ཡོད། གཟར་ཚད་ཆེ་བའི་ལམ་བུར་བདེ་འཇགས་སྒྲོམ་སྐྱོར་སོགས་འགོག་སྲུང་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཏེ་རི་འཛེག་བདེ་འཇགས་ལ་འགན་ལེན་བྱས་ཡོད། ལམ་རྒྱུད་དུ་ལྗོངས་གཟིགས་སྒང་3བཙུགས་ནས་མང་ཚོགས་ལ་ངལ་གསོ་རྒྱག་པ་དང་། མཛེས་ལྗོངས་ལྟ་བ། གཙང་པོ་གཉིས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་མྱོང་རོལ་བྱེད་པ་བཅས་ལ་སྟབས་བདེ་བསྐྲུན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རི་འཛེག་རྐང་ལམ་གྱི་ཐོག་མའི་རྣམ་པ་རགས་ཙམ་ཆགས་ནས་ལས་གྲྭའི་མྱུར་ཚད་40%ནས་50%ཙམ་ཟིན་པ་དང་སྔོན་དཔག་ལྟར་ན་ད་ལོའི་ཟླ་4པའི་ཟླ་མཇུག་ཏུ་ལེགས་གྲུབ་ཐུབ་རྒྱུ་རེད།
རི་འཛེག་རྐང་ལམ་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ་ཞིག་ཡིན་པ་མ་ཟད། འཇུན་པ་ཉ་གྲོང་གི“ལུས་རྩལ་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟ་གསར་པ་ཞིག་ཀྱང་ཡིན། ཆུ་ཤུར་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བས་རྐང་ལམ་བསྐྲུན་རྗེས་དམངས་ཡོངས་ལུས་སྦྱོང་གི་གཞི་རྟེན་གསར་པ་ཞིག་ཏུ་འགྱུར་རྒྱུ་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་སྟངས་བརྒྱུད་འཇུན་པ་ཉ་གྲོང་གི་འཛད་སྤྱོད་དང་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད་ཅེས་བཤད།
རི་འཛེག་རྐང་ལམ་རྣམ་གྲངས་བསྐྲུན་རིང་འཚོ་རྟེན་ལས་སྤྲོད་ཀྱི་བྱེད་ཐབས་བརྒྱུད་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་30ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད། འཇུན་པ་ཉ་གྲོང་གི་གྲོང་མི་ཚེ་རིང་བག་གྲོ་ནི་དེའི་ཁྲོད་ཕན་པ་ཐོབ་མཁན་གྲས་ཤིག་ཡིན་པ་དང་། ཁོང་གིས་གྲོང་ཚོར་རྣམ་གྲངས་དེ་སྐྲུན་འགོ་ཚུགས་རྗེས་འདི་གར་ལས་ཀར་ཡོང་བས་ཡོང་འབབ་ཡག་པོ་འདུག་ལ། ད་དུང་ཁྱིམ་གྱི་ཞིང་ལས་ལ་ཡང་འཐུས་ཤོར་འགྲོ་གི་མི་འདུག གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་གྱུར་བ་མཐོང་སྐབས་སེམས་ནང་དགའ་ཚོར་ཆེན་པོ་འདུག་ཅེས་བཤད།
(བསྟན་བཟང་གིས་བསྒྱུར། བསོད་བདེ་རྒན་པས་ཞུས)