ཉེ་ཆར་ཁྱབ་བསྒྲགས་བྱས་པའི་2025ལོའི་ཀྲུང་དབྱང་གི་ཡིག་ཨང་དང་པོའི་ནང་བཏོན་དོན། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། མུ་འབྲེལ་གཉེར་སྐྱོང་གིས་རྫོང་ཁོངས་ཁྲོམ་ར་བཀོད་སྒྲིག་ལ་རྒྱབ་སྐྱོར་བྱེད་པ། གྲང་ཕྲེང་སྡེབ་སྐྱེལ་དང་སྐབས་འཕྲལ་སིལ་ཚོང་ཤང་དང་གྲོང་རྡལ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ལྟོ་ཆས་མངག་པ་དང་འོ་ཇ་སྐྱེལ་བ་སོགས་གྲོང་ཁྱེར་གྱི་འཚོ་བའི་ནང་གང་སར་མཐོང་ཐུབ་པའི་འཛད་སྤྱོད་ལས་རྣམ་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་གྱི་བོད་བྱང་ཐང་ས་མཐོའི་མཐིལ་གྱི་སྒེར་རྩེར་དར་བས་འཛད་སྤྱོད་པ་དང་ཚོང་པ་ཚོར་ཉམས་ལེན་མི་འདྲ་བ་གང་འདྲ་ཞིག་སྦྱིན་སྲིད་དམ།
མོས་འདེམས་ཚོགས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་དཔྱིད་གསར་དུས་ཆེན་ནས་ད་བར། འགག་རྩའི་ཐ་སྙད“སྒེར་རྩེ་རྫོང”དེ་དམངས་ཚོགས་ཀྱི་དཔྱད་མོལ་ཐོག་འཚོལ་བཤེར་བྱེད་ཚད་དུས་མཚུངས་ལས་ལྡབ་23འཕར་བ་དང“སྒེར་རྩེ་རྫོང་གི་ཞིམ་ཟས”མོས་འདེམས་ཚོགས་པར་འཚོལ་བཤེར་བྱེད་ཚད་དུས་མཚུངས་ལས་311%འཕར་ཡོད།
ཤུགས་རྐྱེན་དེ་དག་ལ་བརྟེན་ནས་སྒེར་རྩེ་རྫོང་དུ་འཛད་སྤྱོད་ཀྱི་ཚ་རླབས་གསར་པ་འཕྱུར་ཞིང་། ལས་རྣམ་གསར་པ་དང་ལས་རིགས་གསར་པ་སྣ་ཚོགས་ས་མཐོའི་གྲོང་རྡལ་ཆུང་ངུ་དེར་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་ས་གནས་དེར་གསོན་ཤུགས་གསར་པ་གཞན་ཞིག་བསྣན་ཡོད།
2024ལོའི་ཟླ་7པར། མོས་འདེམས་ཚོགས་པའི་ལྟོ་ཆས་ཉོ་སྐྱེལ་ལས་སྒོ་དེ་སྒེར་རྩེ་རྫོང་དུ་གཉེར་འགོ་ཚུགས་པ་དང་། ས་གནས་དེ་གའི་ཚོང་ཁང་ཆུང་ཆུང་གིས་དྲ་ཐོག་གཉེར་སྐྱོང་དང་འཕྲལ་མར་སྐྱེལ་བར་བརྟེན་ནས། ས་ཆ་གཞན་གྱི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་པ་དང་དེ་བཞིན་ས་གནས་དེ་གའི་གྲོང་མིའི་འཚོ་བའི་དགོས་མཁོ་དེ་དངོས་ཡོད་ཀྱི་མངག་ཐོ་ཞིག་ཏུ་གྱུར་པ་བྱས་ཡོད། མོས་འདེམས་ཚོགས་པའི་ཉོ་སྐྱེལ་ལས་སྒོའི་ས་གནས་དེ་གའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྒེར་རྩེ་རྫོང་གི་ཉིན་རེའི་ཆ་སྙོམས་མངག་ཐོ་300ཟིན་གྱི་ཡོད་པ་རེད།
2024ལོའི་ཟླ་11པར། སྒེར་རྩེ་རྫོང་དུ་སྨི་ཞུའེ་པིང་ཁྲེང་འཐུང་བྱ་ཁང་དང་པོ་དེ་བཙུགས་པ་དང་། སྦྱིན་བདག་ཀུའོ་ཝེ་ཕིང་གིས་ལས་འགོ་བཙུགས་རྗེས་འཕྲལ་མར་དྲ་ཐོག་གི་མོས་འདེམས་ཚོགས་པའི་ཉོ་སྐྱེལ་འབྲེལ་མཐུད་བྱས་པས་ད་ཆ་དྲ་ཐོག་གི་ཟླ་རེའི་ཆ་སྙོམས་མངག་ཐོ་900ཟིན་པ་དང་ཟ་ཁང་གི་མངག་ཐོ་དང་ཧ་ལམ་འདྲ་པོ་འདུག ད་ལྟ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་ནའང་མོས་འདེམས་ཚོགས་པར་བརྟེན་ནས་ཚོང་གཉེར་ཡོང་འབབ་50%འཕར་ཐུབ་པས། ཡུལ་སྐོར་བ་མང་བའི་དུས་སུ་ཚོང་དེ་བས་ཡག་ཏུ་འགྲོ་སྲིད་ཅེས་བཤད།
དེ་དང་འདྲ་བར་ཉོ་སྐྱེལ་ལས་སྒོར་བརྟེན་ནས་ཕན་པ་འཐོབ་མཁན་གྲས་སུ་ད་དུང་ཆིའུ་ཧྲའོ་ཆིན་གྱིས་གཉེར་སྐྱོང་བྱས་པའི“ལུག་ཤའི་འབྲས་ཕྱེ”ཡོད་པ་རེད།
དྲ་ཐོག་ཉོ་སྐྱེལ་རྫོང་གྲོང་དུ་ཁྱབ་གདལ་སོང་རྗེས་ཁོང་གིས་འཕྲལ་མར་དྲ་ཐོག་ལས་སྟེགས་དང་འབྲེལ་མཐུད་བྱས་ཏེ། ལས་རྣམ་དེ་དགུན་དུས་གཉེར་སྐྱོང་གི་འདེགས་སྐྱོར་གལ་ཆེན་དུ་བརྩི་ཡི་ཡོད་པ་རེད།
དྲ་ཐོག་མོས་འདེམས་ཚོགས་པའི་ཉོ་སྐྱེལ་དང་འབྲེལ་མཐུད་བྱས་རྗེས་ཆིའུ་ཧྲའོ་ཆིན་གྱི་ཚོང་ཁང་ཆུང་ཆུང་དགུན་དུས་སུའང་སྔར་བཞིན་ཚོང་ཡག་པོ་ཡོད་པ་རེད། འདས་ཟིན་པའི་ཟླ་བ་གཅིག་གི་ནང་ཁོང་གི་ཚོང་ཁང་གི་མངག་ཐོ་90%ཚང་མ་དྲ་ཐོག་ནས་ཡིན་པས་ཁོང་གི་ཡོང་འབབ་དེ་བས་མང་དུ་ཕྱིན་ཡོད། མངགས་ཟས་སྐྱེལ་མཁན་རྫོང་གྲོང་དུ་གཞིས་ཆགས་པ་དེས་ཚོང་པའི་སྡེབ་སྐྱེལ་གྱི་དཀའ་གནད་ཐག་གཅོད་བྱས་པས་མཁོ་མཁན་དང་ཚོང་པར་ཧ་ཅང་སྟབས་བདེ་བསྐྲུན་ཡོད།
ལོ་21ལ་སླེབས་པའི་དཀོན་མཆོག་རྒྱ་མཚོ་ནི་སྒེར་རྩེ་རྫོང་འོ་མ་ཤང་ནས་ཡིན་ཞིང་། ཕ་མ་གཉིས་ཀ་འབྲོག་ཁུལ་དུ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ཁྱིམ་དུ་ད་དུང་གཅུང་པོ་གཅིག་ཡོད་པ་དེ་སློབ་ཆུང་འགྲིམ་བཞིན་ཡོད། མཐོ་རིམ་སློབ་འབྲིང་ཐོན་རྗེས་ཁོང་གིས་ཞོར་ལས་བྱེད་འགོ་བཙུགས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁྱིམ་ཚང་ལ་ཕན་ཐོགས་ཐབས་བྱས།
2024ལོའི་ཟླ་11པར། ཁོང་གིས་མངགས་ཟས་ཧུར་ཐག་བསྐྱལ་ནས་ཟླ་རེར་ཡོང་འབབ་སྒོར་9000ནས་10000བར་ཡོང་ཐབས་བྱས་ཡོད།
མིག་སྔར་སྒེར་རྩེ་རྫོང་དུ་མངགས་ཟས་སྐྱེལ་མཁན་10ཡོད་པ་དང་ཁོང་ཚོས་བོད་བྱང་ཐང་ས་མཐོའི་ཐོག་ས་གནས་དེ་གའི་ཡུལ་མི་དང་ས་ཆ་གཞན་གྱི་ཡུལ་སྐོར་བར་སྡེབ་སྐྱེལ་ཞབས་འདེགས་ཞུ་བཞིན་ཡོད། དྲ་ཐོག་ལས་སྟེགས་འཕེལ་རྒྱས་ཕྱིན་པ་དེས་ས་གནས་དེ་གའི་ཚོང་དུད་ཀྱི་མངག་ཐོ་མང་དུ་ཕྱིན་པ་མ་ཟད། འཛད་སྤྱོད་པའི་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་པ་དང་ད་དུང་གཞོན་ནུ་མང་པོ་ཞིག་ལ་ལས་ཞུགས་གོ་སྐབས་ཐོབ་ཡོད།