02

རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས། སྡེ་ཚན་མང་པོ་དང་མཉམ་དུ་སློབ་གྲྭར“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། 2025年03月21日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་3ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར“དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གྱིས་འབྱུང་འགྱུར་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་གོ་ཧའོ་ཁྲིམས་རྩོད་པའི(ཁྲེང་ཏུའུ)ལས་དོན་ཁང་གི་ཁྲིམས་རྩོད་པ་ཧྲེན་ཡའོ་ལིན་གདན་དྲངས་ནས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གྲྭར་ཡོད་མུས་ཀྱི་དགེ་སློབ་ཚོར་སློབ་ཁྲིད་བྱས་པ་རེད། སློབ་ཚན་ནང《ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་སྲོལ་ཡིག》གཙོ་གནད་དུ་བཟུང་སྟེ་དྲ་ཐོག་ཏུ་གྲོགས་པོ་སྒྲིག་པ་དང་། རོལ་རྩེད་ཀྱི་དངུལ་སྤྲོད་པ། དྲ་རྒྱའི་བརྙས་བཅོས། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་སོགས་ཀྱི་དཔེ་མཚོན་གྱོད་དཔེར་དམིགས་ནས། སློབ་གྲོགས་ཚོར་དྲ་རྒྱའི་བྱ་སྤྱོད་ཀྱི་བཅའ་ཁྲིམས་ཀྱི་མཐའ་ཚད་དང་མངོན་མེད་ཉེན་ཁ་དོན་ཟབ་གོ་སླའི་ཐོག་ནས་འགྲེལ་བཤད་བརྒྱབ་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་སློབ་མ་1500ལྷག་ཙམ་ཞུགས་པ་དང་། ཤེས་བྱའི་ལག་དེབ་དང་པར་རིས་སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་6000ལྷག་ཙམ་སྤྲད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ལས་བྱེད་པ་བསོད་སྒྲོན་གྱིས། “ད་ཐེངས་ཀྱི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོར་དོན་སྙིང་གལ་ཆེན་ལྡན་ཡོད། བྱ་དགའ་ཡོད་པའི་ལན་འདེབས་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དེར་སློབ་མ་ཞུགས་མཁན་མང་བ་དང་ཧུར་སེམས་སྐུལ་སློང་གང་ལེགས་ཐུབ་ནས་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སོང་། གོམ་སྟབས་རྗེས་མར། ང་ཚོས་དེ་བས་གསར་གཏོད་རང་བཞིན་ལྡན་པ་དང་། དམངས་དང་འབྲེལ་འདྲིས་ཐུབ་པའི་དྲིལ་བསྒྲགས་བྱེད་སྟངས་ཀྱི་གཞི་རྟེན་མུ་མཐུད་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བྱེད་སྒོའི་ཁྱབ་རྒྱ་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)