03

༄༅། །རྩེད་ཐང་གི་ཁ་བས་མཛེས་སྡུག་གི་དཔྱིད་དཔལ་བསུ། སྨྱུག་སོན་ནོར་སངས། 2025年03月16日

དེ་རིང་རྩེད་ཐང་དུ་ཁ་བ་བབ་ཀྱིན་འདུག

ཁ་བ་ལྷོད་ཀྱིས་བབ་ཀྱིན་འདུག

ཡུན་རིང་སྒུག་པའི་ཁ་བའི་ལྷ་མོས།

མཛེས་སྡུག་གི་དཔྱིད་དཔལ་ཕྱག་ལ་བསྣམས་ནས།

ས་གཞི་ཆེན་པོའི་མགྲོན་དུ་ཕེབས་བྱུང་།

དེ་རིང་རྩེད་ཐང་དུ་ཁ་བ་བབ་ཀྱིན་འདུག

ཁ་བ་ལྷོད་ཀྱིས་བབ་ཀྱིན་འདུག

ཡུན་རིང་སྒུག་པའི་ཁ་བའི་འདབ་མས།

རྩེད་ཐང་གི་སྐུ་ལུས་ལ་མཛེས་སྡུག་གི་ན་བཟའ་བསྒྲོན།

དེ་རིང་རྩེད་ཐང་དུ་ཁ་བ་བབ་ཀྱིན་འདུག

ཁ་བ་ལྷོད་ཀྱིས་བབ་ཀྱིན་འདུག

ཡུན་རིང་སྒུག་པའི་ཁ་བའི་བུ་མོས།

རྩེད་ཐང་གི་མགུལ་ལ་དཀར་གཙང་གི་མཇལ་དར་བསྒྲོན།

དེ་རིང་རྩེད་ཐང་དུ་ཁ་བ་བབ་ཀྱིན་འདུག

ཁ་བ་ལྷོད་ཀྱིས་བབ་ཀྱིན་འདུག

ཁ་བ་ཕེབས་པས་ཡག་བྱུང་།

ཁ་བ་ཕེབས་པས་དགའ་བྱུང་།

དེ་རིང་གི་ཁ་བས།

རྩེད་ཐང་གི་ར་རི་མ་ལུས་དག་སོང་།

རྩེད་ཐང་གི་བྱེ་རྡུལ་འཇགས་སོང་།

རྩེད་ཐང་གི་མི་སེམས་དྲོས་སོང་།

དེ་རིང་རྩེད་ཐང་དུ་ཁ་བ་བབ་ཀྱིན་འདུག

ཁ་བ་ལྷོད་ཀྱིས་བབ་ཀྱིན་འདུག

ཁ་བ་ཕེབས་པས་སྐྱིད་བྱུང་།

ཁ་བ་ཕེབས་པས་དགའ་བྱུང་།

དེ་རིང་གི་ཁ་བས།

རྩེད་ཐང་ལ་མཛེས་སྡུག་གསར་པ་ཞིག་བསྣན།

རྩེད་ཐང་ལ་གསོན་ཤུགས་གསར་པ་ཞིག་སྤྲད།

རྩེད་ཐང་ལ་རེ་བ་གསར་པ་ཞིག་བསྩལ།