03

༄༅། །དྲན་པའི་ཟབ་ས་རུ་བཞད་པའི་ཁུར་མོང་། སྣག་ཚ་ནག་པོ། 2025年03月16日

“མཚན་མོའི་ཆར་པའི་ཁྲོད་ཀྱི་དྲན་གདུང་ནི། བརླན་ཞིང་གཤེར་བ་ཞིག་ཡིན། ཁོ་མོའི་ཆེད་དུ། སྐབས་འགར་ངས་འཇིག་རྟེན་ལ་བཟོད་པ་སྒོམ་དགོས། ཤ་རུས་ལས་མཆེད་པའི་ཁྱེད་ལ་ཆར་གདུགས་ཤིག་བཀར་ཏེ། རླུང་གིས་སྐྱོད་བཞིན་པའི་སྐྲ་ལོ་ལ་ཆར་ཐིགས་ཤིག་ཀྱང་འབབ་ཏུ་འཇུག་མི་འདོད” སུས་བཤད་མིན་མ་ཤེས་པའི་སྐད་ཆ་དུམ་བུ་འདི་ཡིས་ངས་ཕྱོགས་ཞེན་མེད་པའི་བརྩེ་བ་ཞིག་ལ་རང་ལས་ཁྱེད་གཅེས་པའི་འདུ་ཤེས་རྣལ་མ་ཞིག་དགོས་པ་རྟོགས་བྱུང་། ཇི་ལྟར་འགྲེལ་དགོས་མི་ཤེས་པའི་ལས་འབྲས་ཀྱི་མེ་ལོང་ངོས་སུ་ཐོབ་པ་ལས་ཤོར་བ་མང་རུང་། སྐབས་འདིར་ངས་ལས་དབང་ལ་ཁ་གཡར་ནས་ཁྱེད་རང་དུས་ཚོད་ཀྱི་ཆུ་ལ་མི་བསྐུར། ན་ཚོད་ཀྱི་གཞིས་ཀ་རུ་ཁྱེད་ནི་ཟླ་འོད་འོག་གི་དམར་མདངས་ཀྱི་རྒྱ་སེ་དེ་ཡིན་ལ། འོད་དང་བརྩེ་སེམས་ཀྱིས་བསྐྱངས་པའི་འཆར་ཡན་གྱི་འཇའ་ཚོན་དེའང་ཡིན།

སྙིང་ཉེ་ལགས། ངའི་སེམས་པ་སྙི་དྲག་སྟེ་རང་གཞན་གཉིས་ལ་ཕོག་ཐུག་བཟོ་བར་དོགས་པས། ཁྱེད་ལ་ཁ་ཕྱོགས་པའི་ཉིན་དེ་ནས་བཟུང་། ངས་རང་ཉིད་མི་བབ་བརླིང་ཞིག་བྱེད་པར་སེམས་ཐག་བཅད་པ་ཡིན། སེམས་ཀྱི་ཕྱི་ངོས་སུ་ཕྱོགས་པའི་སྐྱོ་གདུང་གི་གདོང་རིས་ཆུ་ལ་གཡུགས་ནས་རྒྱང་རིང་རྒྱང་ལ་བསྐུར་བ་ཡིན། དུས་དེ་ནས་བཟུང་། ངས་ཁྱེད་ཀྱི་འཚོ་བར་སྤྲོ་སྣང་གིས་ཕྱུག་པའི་རེ་བ་བྱེད་ཀྱིན་ཡོད།

ང་ཚོ་ནམ་རྒྱུན་སྡུག་གི་མཆི་མ་བཞུར་དུས་སྙིང་གཏམ་བཤད་ས་ཞིག་དང་། སྐྱོ་གདུང་གི་ཁུར་པོ་མཉམ་ཁུར་བྱེད་ནུས་པའི་འགན་འཁྲི་ཅན་གྱི་སྐྱེ་བོ་སུ་ཞིག་ལ་སྨོན་བཞིན་ཡོད་མོད། འོན་ཀྱང་། ངལ་དུབ་ཀྱིས་ཟིན་པའི་རླུང་བུ་འཁྱགས་པ་དག་དྲན་གདུང་གིས་མནར་བའི་རྣམ་ཤེས་ལ་འཐམ་འཁྱུད་བྱེད་དུས། འདི་ལྟ་བུའི་ལྷིང་འཇགས་ཀྱི་མཚན་ཞག་མང་པོ་ཞིག་ལ་ང་ཚོས་ཁེར་རྐྱང་གིས་བརྒལ་ནས་ཡོང་དགོས་པ་མ་ཡིན་ནམ། འོན་ཏང་། དུས་དེ་ནས་བཟུང་། གལ་སྲིད་ཁྱེད་རང་སྐྱོ་གདུང་ཞིག་གི་ཐག་སྣེ་རུ་གྱུར་ཚེ། སྨྲེང་སྐྱོ་ཡི་སྙིང་གཏམ་ང་ལ་གསུང་རོགས་གནོངས། ཇི་སྲིད་མི་སྡུག་གི་ན་ཟུག་རི་ལྟར་ལྕི་རུང་། ངས་ཁྱེད་ཀྱི་ཆེད་དུ་བདེ་སྡུག་གི་མཆི་མ་རེ་རེ་མཉམ་བཞུར་དང་ན་ཟུག་གི་ལྕགས་ཐག་རེ་རེ་མཉམ་དུ་དུམ་བུར་གཏོང་ཆོག་པར་ཞུ། ཀྱེ་ཀྱེ། སྙིང་ཉེ་བའི་ཁྱེད། ང་ལ་ལན་གཅིག་གསོན་དང་། གལ་སྲིད་བདེ་སྐྱིད་ཀྱི་ཚད་གཞི་ནི་ལྷག་བསམ་ཡིན་ཚེ། ངས་མི་ཚེ་འདིའི་ལྷག་བསམ་ཡོད་དོ་ཅོག་ཁྱེད་ལ་ཕུལ་བས་ཆོག

དངོས་གནས། དོན་དུ་ལོ་མང་པོའི་རིང་ལ་ང་རང་ཡིད་སེམས་དབང་མེད་དུ་ཤོར་བའི་བུ་མོ་ཞིག་དང་འཕྲད་པ་ཐེངས་དང་པོ་ཡིན། ཁྱེད་ནི་གཡོ་ལྷད་མེད་ལ་བརླིང་ཞིང་འཇམ་པའི་བུ་མོ་ཞིག་སྟེ། ཁྱེད་ཀྱི་ལུས་ལ་མ་རབས་ཀྱི་རྩུབ་སྤྱོད་ཟུར་ཙམ་བྲལ། མ་གཞི་གཞན་གྱི་མིག་ནང་ཁྱེད་ནི་སྤྱིར་བཏང་ཞིག་ཡིན་ཡང་སྲིད་མོད། འོན་ཀྱང་། ཁྱེད་ཀྱིས་ངའི་སེམས་ཀྱི་དཔེ་དེབ་ཀྱི་ཤོག་ལྷེའི་ངོས་སུ་བརྩེ་དུང་གི་གཏམ་རྒྱུད་མང་པོ་ས་བོན་བཞིན་བཏབ་ཡོད། མི་རྟག་པའི་འཚོ་བའི་འཕྲང་ལམ་ན་ང་ཚོ་ནི་རླུང་ཁྲོད་དུ་ཡམ་ཡོམ་འགུལ་བའི་ནུས་མེད་ཀྱི་འཇག་རྐང་ཞིག་ལྟར། དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལམ་བུར་མི་སྐྱོད་དཀའ་མེད་ཡིན་རུང་། སྙིང་དུ་མི་སྡུག་པའི་གཏམ་རྒྱུད་རེ་རེའི་སོ་ཁ་ན། སེམས་པ་དཀར་པོས་ངག་འཇམ་གྱི་ཐ་སྙད་སྤུར་བའི་བསིལ་རླུང་ཞིག་ཡིན་པ་ལས། འཁང་ར་ཡི་ཆར་ནག་འཇོ་བའི་གཞི་མ་དེ་མིན་པར་ཁག་ཐེག་ཞུས་ཆོག

ངས་ཁྱེད་ཀྱི་ལག་ཟུང་ལ་འཇུ་ཙམ་བྱས་པས། ཁྱེད་རང་ཁུར་མོང་ཞིག་ལྟར་ཕྱོགས་མཐར་འཐོར། དུས་དེ་ནས་བཟུང་། ཁྱེད་ནི་ངའི་དྲན་པའི་ཟབ་སར་བཞད་པའི་འདབ་ལོ་ཞིག་སྟེ། ངའི་ནང་སེམས་ཀྱི་ཕྱི་ནང་ཀུན་ཏུ་ཁྱེད་རང་གང་སར་ལྡིང་། ཁྱེད་ནི་འཆར་ཡན་གྱི་འོད་ཞགས་ལུས་ལ་གྱོན་ནས་མཛེས་སྡུག་གི་གཏམ་རྒྱུད་འཆད་ལ་མཁས་པའི་མཁའ་ལམ་གྱི་འཇའ་ཚོན་དེ་ཡིན་ལ། བསིལ་རླུང་གི་གཤོག་པ་ཐོགས་ནས་རྩྭ་ཐང་ལ་མཛེས་རྒྱན་སྤྲོས་མཁན་གྱི་དབྱར་གཞུང་གི་ཁུར་མོང་དེ་ཡང་ཡིན། ཁྱེད་མེད་ན། ང་ལ་ནམ་མཁའ་སྟོང་པ་ཞིག་དང་དྲན་གདུང་རུམ་གང་ལས། བསམ་བློའི་འདུ་ཤེས་ལ་རྒྱན་ཆ་མེད་ཅིང་། འཚོ་བའི་ཁ་ཤོག་ལ་ཚོན་མདངས་དེ་བས་ཀྱང་མེད། ཁྱེད་ཡོད་པས། ངའི་མགོ་ཐོག་གི་ནམ་མཁའ་ནས་འོད་བཞིན་འཚེར་ཞིང་། ཤ་ཚུགས་དང་ཕུགས་བསམ་གྱི་ལྭ་བར་གསེར་གྱིས་བརྒྱན་ཡོད། དེ་ནི་ཁྱེད་རང་ངའི་སེམས་ཀྱི་ཟབ་སར་བཞད་པའི་ལྷག་བསམ་གྱི་ཁུར་མོང་དེ་ཡིན་པས་རེད་ལ། ངའི་གནམ་ས་ཡི་བར་དུ་ཆགས་པའི་བརྟན་ཞིང་བརླིང་ལ་རང་གཤིས་འཇམ་པའི་རི་ཆུ་ཡི་བཀོད་པ་དེའང་ཡིན་པས་རེད།

ཀྱེ་ཀྱེ། སྙིང་ཉེ་ལགས། ཁྱེད་དང་འགྲོགས་པ་ནས་བཟུང་། ངས་གཞི་ནས་ཁེར་རྐྱང་གི་འཚོ་བར་གྱེས་ཕྱག་ཕུལ་ཐུབ་སོང་ལ། བདེ་སྐྱིད་ཅེས་པའི་ཡིག་འབྲུ་གཉིས་པོའི་དྲོད་ཁོལ་ལ་ལོངས་སུ་སྤྱོད་སྐལ་བྱུང་སོང་།