ཞོགས་པའི་སྐྱ་མདའ་དགུང་ནས་མ་བཀྱགས་གོང་། །
ཐོ་རངས་སྐར་ཚོམ་རྒྱང་དུ་མ་བཞུད་གོང་། །
རང་རང་ཁྱིམ་གྱི་བདག་མོ་བཞིན་བཟང་མས། །
རྟེན་འབྲེལ་ཆུ་ཕུད་ལེན་པའི་ངལ་བ་འཛིན། །
ཉི་གཞོན་གསར་པས་འཇིག་རྟེན་སྒོ་མོ་ཕྱེ། །
དྲི་བཞོན་བསེར་བུས་མཁའ་དབུགས་སོ་མ་ཁྱེར། །
སྣོད་བཅུད་ཀུན་ཀྱང་སྐྱེད་ཚལ་གསར་པ་བཞིན། །
འདྲེན་བྱེད་དབང་པོའི་ལམ་དུ་མངོན་པར་མཛེས། །
མདང་ནུབ་གཉིད་ཐེབས་ཆག་པའི་བྱིས་པ་དག །
གྱོན་ཆས་གསར་པའི་ངོམ་སོ་རྒྱག་སྙམ་དང་། །
ཀ་ར་འོ་མའི་བཅུད་ལ་མྱོང་འདོད་ཀྱིས། །
སེམས་ཆུང་སྙི་མོ་མ་བཅོས་བྲེད་ཤ་ལངས། །
དབུ་སྐྱེས་བལ་དཀར་ལྟ་བུའི་ཕ་ལོ་ཡིས། །
ལྷ་བསང་དུ་བ་ལྷོག་ལྷོག་གཏོང་བཞིན་དུ། །
བསངས་དུད་དགུང་དུ་མཆེད་པའི་བསུང་ངད་ཀློང་། །
ཀི་བསྭོའི་སྨོན་ཚིག་སྒྲོག་པའི་སྣང་བརྙན་མཛེས། །
བཞིན་གྱི་ཆུ་སྐྱེས་རྙིད་པའི་མ་ལོ་ཡིས། །
འབྲི་མོའི་ནུ་ཏོག་ཧར་གྱིས་འཇོ་བའི་ཞོར། །
འོ་ཕུད་དེ་ནས་ཕུད་གཏོར་བྱེད་བཞིན་དུ། །
ཇ་སྐྱེམས་ཟས་ཀྱི་སྡེར་ཁ་སྒྲིག་པར་བྲེལ། །
དགོད་འཛུམ་ལྷང་ལྷང་འཚེར་བའི་གཞིས་ཁྱིམ་ཀློང་། །
འབྲི་མོའི་འོ་ཇ་རྔམ་འཐུང་བྱེད་ཞོར་དུ། །
ཁ་གཡང་སྨོན་ཚིག་གཙང་མའི་ལེགས་སྐྱེས་ཀྱིས། །
དབང་མེད་ཡིད་ཀྱི་གུར་ཁྱིམ་གཡོ་བར་བྱེད། །
རང་རང་འཁོས་ཀར་གཞིགས་ནས་བསྒྲིགས་པ་ཡི། །
ཤ་མར་ཐུད་ཀྱི་སྡེར་ཁ་སྣུམ་པོའི་ཁྲོད། །
དེང་རབས་བཏུང་སིལ་སྐོམ་སྐྱེམས་བསྟར་འདི་ཀོ །
ནེའུ་གསིང་དྲི་ལྡན་ཚོགས་ཀྱི་དཔལ་ལ་འགྲན། །
ཕན་ཚུན་མགྲོན་གྱི་འབོད་སྲོལ་ཡི་གར་འོང་། །
གནའ་སྲོལ་ཁ་རླངས་མ་ཡལ་དྲོད་ཁོལ་ལྡན། །
གླུ་གར་རྩེད་འཇོ་གཏམ་དང་ཀུ་རེ་མོད། །
ཁ་འཛུམ་ཁོག་དྲོ་སེམས་ཀྱི་ངལ་དུབ་སངས། །
འདས་པའི་ལོ་ཟླར་དགའ་སྐྱོའི་སྐྱེལ་མ་བཞག །
བགྲང་བྱ་གསར་པའི་རྟེན་འབྲེལ་མཚོན་ཉིན་འདིར།
འབྱུང་འགྱུར་གཞིས་བྱེས་བདེ་ཐང་ཡོང་བ་དང་། །
ཤིས་པའི་དགེ་མཚན་ཀུན་ནས་བརྟས་གྱུར་ཅིག །