04

སྲིད་ཇུས་བཟང་པོས་སློབ་གྲྭ་ཆེ་མོ་བར་འཕེལ་རྒྱས་ཀྱི་ལས་སྟེགས་བཏོད་པ། 2025年03月15日

“2019ལོར་རང་ཉིད་ལ་ནན་ཅིང་དུ་གཉེར་བའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས་སྐབས་དང་པོའི་ནང་ཞུགས་པའི་གོ་སྐབས་བཟང་པོ་རག་བྱུང་། ད་རེས་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས་ཡིས་རང་ཉིད་ལ་ལས་ཞུགས་ལས་གཏོད་ཀྱི་ཁ་ཕྱོགས་རྙེད་བྱུང་བས། ཏང་དང་སྲིད་གཞུང་གིས་ང་ཚོ་སློབ་གྲྭ་ཆེ་མོ་བར་གོ་སྐབས་ཡག་པོ་འདི་འདྲ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བོད་ལྗོངས་མལ་གྲོ་སྐལ་བཟང་མེ་ཏོག་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སིའི་འགན་འཁུར་བ་དོན་གྲུབ་ཚེ་རིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

སློབ་གྲྭ་ཐོན་མ་ཐག་སོམ་ཉིའི་དྲ་བར་ཚུད་པའི་སློབ་གྲྭ་ཆེ་མོ་བ་མང་པོ་དང་འདྲ་བར། ལྷོ་ནུབ་མི་རིཌ་སློབ་ཆེན་ནས་ཐོན་པའི་དོན་གྲུབ་ཚེ་རིང་ལ་ཡང་སློབ་གྲྭ་ཐོན་པའི་སྐབས་སུ་ལས་ཞུགས་ཀྱི་གདམ་ག་དང་དཀའ་ངལ་འཕྲད་ཡོད། 2019ལོའི་ཟླ་11པར། ནན་ཅིང་གྲོང་ཁྱེར་གྱིས“སྐལ་བཟང་མེ་ཏོག”སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས་གཏོད་དེ། “1+3+N”ཡི་རྣམ་པ་སྟེ། བཀག་སྡོམ་རྣམ་པའི་སྦྱོང་བརྡར་ཟླ་བ་གཅིག་དང་དངོས་སྦྱོང་ཟླ་བ་གསུམ་བྱས་ཏེ། དོ་དམ་བྱེད་ནུས་མང་པོ་རག་པ་དང་། རྩལ་ནུས་མང་པོ་ཁོང་དུ་ཆུད་པ། ནན་ཅིང་དུ་ལས་ཞུགས་ལས་གཏོད་དང་བོད་དུ་ལས་ཞུགས་ལས་གཏོད་སོགས་མང་པོ་ཡོང་སྲིད་པའི་རྣམ་པ་སྤྱད་དེ། ཐེམ་ཁུངས་མལ་གྲོ་གུང་དཀར་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་32ཁག་དང་པོའི་ནང་ཞུགས་པའི་སྒྲིག་འཛུགས་བྱས་ཤིང་། དོན་གྲུབ་ཚེ་རིང་ནི་དེའི་ནང་གི་གྲས་ཤིག་རེད།

དམིགས་བསལ་སྦྱོང་བརྡར་སྒར་ས་ཡིས་བོད་ཀྱི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ལས་གཏོད་ལ་བསམ་ཕྱོགས་གསར་པ་ཕྱེ་ཡོད། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ལ་མུ་མཐུད་རྒྱབ་སྐྱོར་བྱ་ཆེད། མལ་གྲོ་གུང་དཀར་རྫོང་གིས“སྐལ་བཟང་མེ་ཏོག”སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་སའི་བྱེད་སྒོ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་གཏིང་ཟབ་སྤེལ་བ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མལ་གྲོའི“སྐལ་བཟང་མེ་ཏོག་ཤེས་ལྡན་པ+”གྱི་འཆར་གཞི་དང་དེ་བཞིན“སྐལ་བཟང་མེ་ཏོག་བཞད་པའི”འཚར་ལོངས་སྒར་ས་དང་འཚར་ལོངས་སློབ་གླིང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

དམིགས་བསལ་སྦྱོང་བརྡར་སྒར་སའི་གསོ་སྦྱོང་ལ་ཞུགས་རྗེས། དོན་གྲུབ་ཚེ་རིང་2020ལོར་མལ་གྲོ་གུང་དཀར་རྫོང་དུ་ལོག་ནས་མལ་གྲོ་སྐལ་བཟང་མེ་ཏོག་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སི་བཙུགས་པ་རེད། ད་ཆ་དོན་གྲུབ་ཚེ་རིང་ལས་གཏོད་ཀྱི་ལམ་བུར་བསྐྱོད་ནས་ལོ་ལྔ་ཙམ་སོང་བ་དང་། ཀུང་སིའི་ཚོང་གཉེར་ཡོང་འབབ་རྒྱུན་མཐུད་འཕར་བ་དང་དུས་མཚུངས་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་དང་མང་ཚོགས་ལས་ཞུགས་ལ་ཐོག་མཐའ་བར་གསུམ་དུ་སྣེ་ཁྲིད་བྱེད་བཞིན་ཡོད།

“ངས་བློ་ཁོག་ཆེན་པོས་ལས་གཏོད་ཀྱི་གོམ་པ་དང་པོ་སྤོ་ཐུབ་པ་དེ་ནི་ནན་ཅིང་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱི་གསར་གཏོད་བྱེད་ཐབས་དང་ཁ་འབྲལ་ཐབས་མེད། དེར་བརྟེན་ཀུང་སིའི་མིང་ཡང་ངས་བྱེད་ཐབས་དེར་བཀའ་དྲིན་མཚོན་ཆེད་བཏགས་པ་ཡིན”ཞེས་དོན་གྲུབ་ཚེ་རིང་གིས་བཀའ་དྲིན་སེམས་ལ་འཆང་བཞིན་བརྗོད།

2019ལོ་ནས་བཟུང་མལ་གྲོ་གུང་དཀར་རྫོང་གིས། “སྐལ་བཟང་མེ་ཏོག”སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས་སྐབས་ལྔ་དང་། འཚར་ལོངས་སྒར་ས་སྐབས་གཅིག འཚར་ལོངས་སློབ་གླིང་སྐབས་གཉིས་བཅས་སྤེལ་བ་དང་། “སྦྱོང་བརྡར་དང་། གནས་སྦྱར་དངོས་སྦྱོང་། ལས་ཞུགས་ལས་གཏོད་ཀྱི་རྩལ་ནུས་བཅས”ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་བྱས་ནས་སློབ་གྲྭ་ཆེ་མོ་བས་སློབ་གྲྭ་ནས་སྤྱི་ཚོགས་དང་། སློབ་ཚན་ནས་ཁེ་ལས་བར་གྱི་ལས་ཞུགས་གྲ་སྒྲིག་ལེགས་པར་བྱེད་རོགས་བྱས་ཡོད། བྱེད་སྒོ་དེ་དག་གི་ལས་ཞུགས་ཐུབ་ཚད་100%ཟིན་ནས་མལ་གྲོ་གུང་དཀར་རྫོང་གི་ཤེས་ལྡན་པ་གསོ་སྐྱོང་དང་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་ལག་ལེན་གསར་པ་བཏོད་ཡོད། འཚར་ལོངས་སློབ་གླིང་གིས་རིམ་རྩིས་བརྒྱབ་ན། མཐོ་སློབ་སློབ་ཐོན་སློབ་མ་མི་ཐེངས་600ཙམ་ལ་གསོ་སྦྱོང་བྱས་པས། ཁོང་ཚོ་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པར་གྱུར་ཡོད།

ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་ཕུད། ད་དུང་ཕ་ཡུལ་ནས་ཐོན་པའི་སློབ་གྲྭ་ཆེ་མོ་བར་ཡང་ཕན་པ་ཆེན་པོ་ཐོབ་ཡོད། ནན་ཅིང་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་ཁྲིམས་ལུགས་རིག་པ་དང་སྤྱི་པའི་དོ་དམ་སློབ་གླིང་ཁྲིམས་ལུགས་རིག་པའི་ཆེད་ལས་ནས་ཐོན་པའི་ཁྲང་མིང་ཆིའུ་ཡི་ཁྱིམ་ཚང་ལྷ་སར་ཡོད། 2024ལོའི་ཟླ་4པར་ཁོང་ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དུ་ལས་ཞུགས་ཐུབ་ཡོད།

ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་ཆེད་དོན་ལས་མི་བསྡུ་བའི་ཤུགས་རྐྱེན་དང་ཡིད་དབང་འགུག་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ལས་མི་བསྡུ་བའི་གྲངས་འབོར་དང་ལས་གནས་ཀྱི་སྤུས་ཚད་ཚང་མ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད། ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་མི་བསྡུ་བའི་ལས་དོན་དེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འདུ་ཤེས་ལེགས་སུ་གཏོང་བ་དང་། ལྗོངས་ཕྱིར་ལས་ཞུགས་བྱེད་པ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ཀྱི་ལས་སྟེགས་རྩེ་གྲར་གྱུར་ནས་རྒྱ་ཆེའི་སློབ་ཐོན་སློབ་མའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)