ཚེས་6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ། སློབ་གསོའི་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་ནས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གཟིགས་པ་དང་གྲོས་བསྡུར་ལ་ལྷན་དུ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ། སློབ་གསོའི་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་ནས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་དགོས་མཁོ་ཁོང་དུ་ཆུད་པར་བྱས་ནས། ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་པའི་སློབ་གསོའི་ནུས་པ་ཆེ་རུ་བཏང་སྟེ་ཤེས་ལྡན་པ་འབོར་ཆེན་ཐོན་པ་དང་། མི་ཚང་མས་ནུས་པ་གང་ཡོད་འདོན་པ་དང་ཤེས་ལྡན་པ་གང་ལེགས་སྤྱོད་པའི་གསོན་ཉམས་ལྡན་པའི་རྣམ་པ་སྔར་བས་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།
“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གཟིགས་པ་དང་གྲོས་བསྡུར་ལ་ལྷན་དུ་ཞུགས་པ་རེད།
མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཀྲང་ཡུན་ཁའེ་དང་། ཚའེ་ཀོང་ཅེ། ཀྲེང་ཅ་ཅན། ཞུས་ཁུན། ཚུའེ་ཡཱ་ལི། མཱ་ཅིན་ལིན་བཅས་ཨུ་ཡོན་དྲུག་གིས་ལས་རིགས་སློབ་གསོ་དང་ས་ཁོངས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་དཔེ་དེབ་ལྟ་ཀློག་ཁོར་ཡུག་གཏོད་པ། རྒྱལ་ཁབ་ཀྱི་སློབ་གསོའི་ཤེས་རིག་དྲ་སྦྲེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སློབ་གསོའི་ཚན་རྩལ་ཤེས་ལྡན་པ་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གྲྭའི་སློབ་ཚན་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ལ་དམིགས་ཏེ་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མ་དང་མཉམ་དུ་གྲོས་བསྡུར་སྤེལ་རེས་བྱེད་པ་དང་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དེར་བཞུགས་པའི་ཨུ་ཡོན་རྣམ་པ་དང་རྒྱ་ཆེའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཁོངས་མི་དང་། ཚན་རྩལ་རིགས་ཁོངས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་མི་དམངས་སྲིད་གྲོས་ཀྱིས་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཁོངས་མི་རྣམས་ཀྱིས་ལྟེ་བའི་ལས་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་སྤྱི་ཚོགས་ཞབས་ཞུའི་ནང་ཞུགས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱ་ཆེའི་སློབ་གསོའི་རིགས་ཁོངས་ཀྱི་མི་སྣས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། “སློབ་གསོ་ལྔ”མཉམ་སྤེལ་དང་མི་བཟང་གསོ་སྐྱོང་བྱེད་པའི་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་བཏང་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྦྱོང་བསླབ་སྐྱོང་བྱེད་པར་དམིགས་ནས་ཀུན་སྤྱོད་སློབ་གསོ་དེ་ཤེས་རིག་དང་། ལུས་རྩལ་། མཛེས་དཔྱོད། ངལ་རྩོལ་བཅས་ཀྱི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་དང་སློབ་ཚན་བསམ་བློ་ཆབ་སྲིད་གཉིས་ཁ་ཕྱོགས་གཅིག་མཚུངས་ཡོང་བ་མཐའ་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་གསོའི“སློབ་ཁང་ཆུང་ངུ”དང་སྤྱི་ཚོགས་ཀྱི“སློབ་ཁང་ཆེན་པོ”མཉམ་འདྲེས་ནུས་ལྡན་བྱས་ནས་ཀུན་སྤྱོད་སློབ་གསོའི་ལས་དོན་དེ་བས་དམིགས་སར་འབྱོར་བ་དང་དེ་བས་ནུས་ལྡན་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་རྩ་བ་ནི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཐུག་ཡོད། ཚན་རིག་དང་མཐུན་པའི་སློབ་གསོའི་གདེང་འཇོག་མ་ལག་གཏན་འཁེལ་བྱས་ནས་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། སློབ་གྲྭའི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གྲྭའི་སློབ་གཉེར་གྱི་རང་བདག་དབང་ཆ་དོན་འཁྱོལ་བྱས་ཏེ་ཁྲིམས་ལྟར་སློབ་གསོ་བཅོས་སྐྱོང་དང་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དེང་རབས་ཅན་གྱི་དགོས་མཁོར་དམིགས་ནས་མི་འབོར་གྱི་གྲུབ་ཚུལ་འགྱུར་ལྡོག་དང་འཚམ་པ་དང་། རྨང་གཞིའི་སློབ་གསོ་དང་། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ་བཅས་ལ་སྤྱི་འདོམས་བྱེད་པ། སྲིད་གཞུང་གི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་དངུལ་ལ་སྤྱི་འདོམས་བཅས་བྱས་ཏེ་སྔར་བས་ལུགས་མཐུན་དང་ཕན་འབྲས་ཆེ་བའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་གི་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བར་སློབ་གསོས་སྣེ་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་ནུས་པ་སྔར་བས་འདོན་དགོས། རྨང་གཞིའི་རིག་ཚན་དང་སྣོལ་འདྲེས་རིག་ཚན་གྱི་ཚད་བརྒལ་འཆར་གཞི་ལག་ལེན་ཡག་པོ་བསྟར་ཏེ་སློབ་གྲྭ་དང་། ཁེ་ལས། ས་གནས་བཅས་མཉམ་འབྲེལ་གྱི་གསར་གཏོད་ལས་སྟེགས་བསྐྲུན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ནུས་ཕྱོད་ཆེ་རུ་གཏོང་དགོས། ཤེས་ལྡན་པ་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་བྱེད་པའི་སྤུས་ཕན་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་ནས་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་ཏེ། རིགས་ཁག་དང་རིམ་པ་ཁག་གི་ཤེས་ལྡན་པ་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་བསྐྲུན་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་རེད། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེཌ་བཏོན་ནས་མི་སེམས་དང་། ཐུན་མོང་གི་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྒྲིལ་རྒྱ་ཁྱབ་བྱས་ཏེ་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོཌ་པའི་ཁོངས་མི་དང་དེ་བཞིན་སློབ་གསོའི་རིགས་ཁོངས་ཀྱི་མི་སྣས་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་རྒྱབ་སྐྱོར་དེ་བས་ལེགས་པར་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། (ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)