03

བོད་ཀྱི་ལོ་གསར་རིང་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་ཅིང་གསོན་ཤུགས་རྒྱས། 2025年03月07日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མི་ཚོགས་མང་བའི་བར་སྐོར་སྲང་ལམ་དང་། འཁྲུག་ཆ་དོད་པའི་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། སྤྲོ་སྣང་ལྡན་པའི་རིག་གནས་ཉམས་ལེན་སོགས་བོད་ཀྱི་ལོ་གསར་རིང་། རང་ལྗོངས་ཀྱི་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་གློག་སྒྲོན་བཀྲག་མདངས་འཚེར་ཞིང་ལོ་གསར་གྱི་རྣམ་པ་ཟབ་པ་མ་ཟད། འཛད་སྤྱོད་ཁྲོམ་ར་དེ་བས་འཁྲུག་ཆ་དོད་ལ་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རེད།

དུས་ཆེན་གྱི་དཔལ་འབྱོར་ཕན་འབྲས་སྔར་བས་སྐུལ་སྤེལ་གཏོང་ཆེད། བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན་ཐོན་རྫས། ཚོང་ཁྲོམ་དང་སྒོ་རྩིས་ཚོང་ཁང་། སིལ་ཚོང་། བཅོས་སྣུམ་སོགས་ལས་རིགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ནས། འཛད་སྤྱོད་ཀྱི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ་སོགས་སུ་ཁྱིམ་སྤྱོད་གློག་ཆས་དང་དེ་བཞིན་3Cགྲངས་འཛིན་ཐོན་རྫས་གསར་བརྗེས་བྱེད་སྒོ་དང་རླངས་འཁོར་གསར་པ་ཉོ་སྒྲུབ་ཀྱི་ཚོང་ལམ་བྱེད་སྒོ་སྤེལ་བ་དང་། ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་གྲངས་འཛིན་ཐོན་རྫས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པ་དང་འདྲ་བར་ཉོ་སྒྲུབ་ཀྱི་ཁ་གསབ་གསར་པ་ལོངས་སུ་སྤྱོད་རྒྱུ་ཡོད་པ། ཚོང་ཁང་ཁག་གཅིག་ཏུ་ད་དུང་ཁ་གསབ་དང“རྒྱལ་ཁབ་ཀྱི་ཁ་གསབ”གཉིས་མཉམ་དུ་ལོངས་སྤྱོད་བྱེད་རྒྱུ་ཡོད། ཚོང་ཁང་ཆེ་གྲས་ཁག་གིས་སྔ་སྣུར་དུ་ཚོང་ཟོག་གྲ་སྒྲིག་དང་། ཞབས་ཞུའི་སྤུས་ཚད་མཐོར་གཏོང་། ལོ་གསར་གྱི་ལག་རྟགས་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཛད་སྤྱོད་པའི་གསར་བརྗེས་ཀྱི་དགོས་མཁོ་སྐོང་གི་ཡོད་པ་རེད།

བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་ཚེས་གཅིག་ལ་གསར་འགོད་པ་བོད་ལྗོངས་རྟེན་མཛོད་ཁང་དུ་སྐྱོད་སྐབས། འགྲེམས་ཁང་དུ་ལས་དོན་མི་སྣས་སྤྲོ་སེམས་འཁོལ་པོས་ཡུལ་སྐོར་བར་མཆོད་ཆང་བཀྱག་བཞིན་འདུག རྟེན་མཛོད་ཁང་གི་ཐོག་བརྩེགས་དང་པོའི་དཀྱིལ་དུ་བོད་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཕྱེ་མར་སྦོ་བསྒྲིགས་ཡོད་པ་དང་དེའི་ནང་བརྒྱངས་པའི་གྲོ་དང་རྩམ་པའི་ཐོག་སྙེ་མ་དང་ལོ་གསར་མེ་ཏོག་བཙུགས་ཡོད་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དེ་གར་དྲན་རྟེན་པར་རྒྱག་བཞིན་འདུག

བོད་ལྗོངས་རྟེན་མཛོད་ཁང་དྲིལ་བསྒྲགས་སློབ་གསོ་པུའི་ལས་དོན་པ་ཚེ་རིང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཤིང་སྦྲུལ་ལོའི་ལོ་གསར་རིང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) བོད་ལྗོངས་རྟེན་མཛོད་ཁང་གིས“རྒྱུན་འཛིན་དང་མཉམ་དུ་རྟེན་འབྲེལ་ཞུ”ཞེས་པའི་བོད་ཀྱི་ལོ་གསར་གྱི་ཡུལ་སྲོལ་རབ་དང་རིམ་པའི་བྱེད་སྒོ་གྲ་སྒྲིག་བྱས་པ་སྟེ། འབྲས་དཀར་འཁྲབ་པ་དང་། སྲོལ་རྒྱུན་གྱི་འབྲོང་རྩེད་རྩེ་བ། ལོ་གསར་གྱི་དམངས་ཁྲོད་རོལ་མོ་དཀྲོལ་གཏོང་། སྒོར་གཞས་འཁྲབ་པ། ཕྱེ་མར་འབུལ་བ་དང་མཆོད་ཆང་འགྱོག་པ་སོགས་ཀྱི་བྱེད་སྒོ་ཡོད་པ་མ་ཟད། ད་དུང་བོད་ཡིག་ཡིག་གཟུགས་ཀྱི་མཉམ་འགུལ་ཉམས་ལེན་དང་། བོད་ཤོག་གི་བཀབ་དཔར་ཉམས་ལེན། སྲོལ་རྒྱུན་གྱི་རྒྱན་གོས་ཉམས་ལེན་སོགས་ཀྱི་བྱེད་སྒོ་ཡང་བཀོད་སྒྲིག་བྱས་ཡོད་པས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་རིག་གནས་ཉམས་ལེན་བྱེད་འདོད་ཀྱི་ཡིད་དབང་བཀུག་ཡོད་པ་རེད།

བར་སྐོར་ཁྲོམ་གཞུང་དུ་པར་རྒྱག་པ་དང་། ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་ལྷ་མོའི་འཁྲབ་སྟོན་ལ་ལྟ་བ། རྟ་རྒྱུག་ཐང་ཆེན་དུ་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ལ་ལྟ་བ་སོགས“དགུན་དུས་བོད་ལ་ཡུལ་སྐོར་བྱེད”པ་དང་བོད་ཀྱི་ལོ་གསར་གཉིས་དུས་གཅིག་ཏུ་འཁེལ་དུས། ལྗོངས་ཕྱི་རོལ་གྱི་ཡུལ་སྐོར་བ་དེ་བས་མང་བ་བོད་ཀྱི་ལོ་གསར་གྱི་གོམས་སྲོལ་ལ་མྱོང་རོལ་དང་། གནའ་ཤུལ་གྲཌ་ཅན་སྐོར་བ། མཛེས་ལྗོངས་ལ་ལྟ་སྐོར་བཅས་བྱེད་པའི་ཡིད་དབང་འགུག་བཞིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཀྱི་གསོན་ཤུགས་སྔར་བས་འཕེལ་ཆེད། རང་ལྗོངས་ཀྱིས་རེས་སྐོར་གཉིས་པའི་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་བྱེད་སྒོ་ཆེད་མངགས་བཏོན་པ་དེའི་ནང་གནམ་གྲུའི་སྤ་སེ་དང་། མེ་འཁོར་གྱི་སྤ་སེ། ཆེད་དོན་མི་ཚོགས་ཀྱི་གཟིགས་སྐྱོང་བཅས་ཚུད་ཡོད་པ་རེད།

འཛད་སྤྱོད་ནི་ཆེས་མཐའ་མའི་དགོས་མཁོ་རེད་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོའི་མཚོན་ཚུལ་ཐད་ཀར་ཞིག་ཀྱང་རེད། མིག་སྔར། རང་ལྗོངས་ཀྱི་གློག་རྡུལ་ཐོན་རྫས་དང་། བརྙན་འཕྲིན་ཆེན་པོ། རིག་ནུས་གཙང་སྦྲའི་ཁྱིམ་སྤྱོད་གློག་ཆས་སོགས“ལོ་གསར་མཁོ་ཆས་ཀྱི་ཁྱིམ་སྤྱོད་གློག་ཆས”ཕྱིར་ཚོང་བྱེད་ཚད་འཕར་བརྟན་པོ་བྱུང་བ་དང་། བར་སྐོར་ཁྲོམ་གཞུང་དང་ནོར་བུ་གླིང་ཁ་སོགས་མཛེས་ལྗོངས་ཁུལ་དུ་བོད་ཀྱི་ལོ་གསར་རིང“བཀྲ་ཤིས་འགོ་ཚུགས”བྱུང་བ། ལྷ་མོ་དང་། རྟ་རྩལ་འཁྲབ་སྟོན། རང་རྒྱལ་གྱི་གློག་བརྙན། རྩོམ་རིག་གི་བརྩམས་ཆོས་གྲགས་ཅན་ལ་མྱོང་རོལ་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་ལ་རང་ལྗོངས་ཀྱི་མི་སེར་དང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།

ལོ་གསར་རིང་གི་འཛད་སྤྱོད་ཀྱི་འཕེལ་ཕྱོགས་གསར་པ་དང་དོ་ཁུར་བྱེད་ས་གསར་པ་དེ་དག་ལས་བྱུང་བའི“དར་རྒྱས་ཀྱི་རྣམ་པ”རེ་རེ་ལས་ལོ་གསར་པའི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཚོན་གྱི་ཡོད།

(བདེ་དབང་གིས་བསྒྱུར། བསྟན་བཟང་གིས་ཞུས)