འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཉམ་འདྲེས་སྨྱན་སྦྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། ནུས་པ་གསུམ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། གསར་འགྱུར་དྲིལ་བསྒྲགས་ཀྱི་མཐོ་ཚད་དང་། ཟབ་ཚད། ཤུགས་ཚད་བཅས་ཆེ་རུ་བཏང་ནས། སྐྱིད་གྲོང་གི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་ཤུགས་རྒྱག་པ་དང་སྐྱིད་གྲོང་གི་སྐད་སྒྲ་ཡག་པོ་བསྒྲགས་ཏེ། ས་གནས་ཀྱི་དྲིལ་བསྒྲགས་དང་རིག་གནས་ཁྱབ་སྤེལ་གྱི་མཐོ་ས་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།
“སྨྱན་སྦྱོར་སྦྲེལ་མཐུད”ཀྱི་ནུས་པ་ཆེ་རུ་བཏང་ནས་གསར་འགྱུར་དྲིལ་བསྒྲགས་ཀྱི“མཐོ་ཚད”མཐོ་རུ་བཏང་ཞིང་། སྐྱིད་གྲོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་སྒོ་དབྱེ་མཉམ་ལས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་སྨྱན་སྦྱོར་དང་དེ་བཞིན་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་སྨྱན་སྦྱོར་དང་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཡོད། 2024ལོར“གཅིག་མཐུན་ཚོགས་པ་བརྟན་པོ་བཙུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་། “གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན་པའི”བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་དེ་བཞིན“འགྲུལ་འཁོར་ཆེན་པོར་བསྡད་ནས་ཀྲུང་གོར་ལྟ། བོད་ལྗོངས་སུ་བསྐྱོད་པའི་སྐྱིད་གྲོང་གི་ས་ཚིགས”སོགས་སྨྱན་སྦྱོར་གྱི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཁྲོད། སྐྱིད་གྲོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཐུན་སྦྱོར་གྱི་ནུས་པ་གང་ལེགས་བཏོན་ནས་བཅར་འདྲིའི་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱས་པ་རེད།
“གསར་འགྱུར་གྱི་སྤུས་ཚད”ཀྱི་ནུས་པ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་གསར་འགྱུར་སྤེལ་བའི“གཏིང་ཚད”ཟབ་ཏུ་བཏང་ཞིང་། རྫོང་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས། སྐྱིད་གྲོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་འཛུགས་སྐྱོང་དང་། རྣམ་གྲངས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ། ཁྱད་ལྡན་ཐོན་ལས། འགག་སྒོ་འཛུགས་སྐྲུན། དམངས་འཚོ་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཕྱོགས་བསྡོམས་བྱ་རྒྱུར་སྣང་ཆེན་བྱས་ཏེ། དེའི་ནང་གི་བཀྲག་མདངས་འཚེར་ས་དང་གསར་འགྱུར་གྱི་ཁུངས་སྣེ་སྔོག་འདོན་གཏིང་ཟབ་བྱས་ཡོད།
“གསར་འགྱུར་དཔུང་ཁག”གི་ནུས་པ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་གསར་འགྱུར་གྱི“ནུས་པ་བཞི”ཆེ་རུ་བཏང་ཞིང་། སྐྱིད་གྲོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཐོག་མཐའ་བར་གསུམ་དུ་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། སྤྱི་མོས་ཐོབ་ནུས་བཅས་ཆེ་རུ་གཏོང་རྒྱུ་དེ་ལས་ཀའི་དམིགས་ཚད་དུ་མཐའ་འཁྱོངས་ཀྱིས། མང་ཚོགས་ཀྱི་དགོས་མཁོ་འབད་བརྩོན་གྱི་ཁ་ཕྱོགས་སུ་འཛིན་ནས“ཐབ་ཚང་ཨ་མ”འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་འགྱུར་དཔུང་ཁག་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 《གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་བརྒྱུད་སྤེལ་སྐོར་གྱི་སྐྱིད་གྲོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཏན་འབེབས་འགའ(ཚོད་ལྟའི་ལག་བསྟར)》བཟོས་པ་དང་འབྲེལ་ལག་ལེན་བསྟར་བ་དང་། ལོ་འཁོར་གྱི་བྱས་འབྲས་དཔྱད་ཞིབ་ལམ་ལུགས་ལག་ལེན་བསྟར་ནས། མི་སྒེར་གྱིས་བཅར་འདྲི་དང་རྩོམ་སྒྲིག་བརྒྱུད་སྤེལ་བྱས་པའི་གྲངས་འབོར་དང་དེ་བཞིན་སྨྱན་སྦྱོར་ཁག་གི་ཆ་འཕྲིན་འཚོལ་བསྡུའི་གྲངས་འབོར་དེ་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་ལོ་མཇུག་གི་ཕྱོགས་བསྡུས་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་གཞི་འཛིན་སར་བྱས་ཡོད། དེ་དང་ཆབས་ཅིག“ལས་མི་གསུམ་ཟླ་སྒྲིལ་གཏོང་བའི”དཔུང་ཁག་འཛུགས་སྐྱོང་ལ་བརྟེན་ནས། གསར་འགྱུར་གྱི་ཁུངས་སྣེ་འཚོལ་བསྡུ་མཐར་ཕྱིན་བྱས་ཡོད་པ་རེད།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)