04

ཇོ་མོ་གླང་མའི་འདབས་ཀྱི་དགའ་སྤྲོ་འཁོལ་བའི་ལོ་གསར། 2025年03月04日

ཟླ་2ཚེས་28ཉིན། ཇོ་མོ་གླང་མའི་འདབས་ཀྱི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོར་ལོ་གསར་གྱི་དགའ་སྤྲོའི་རྣམ་པས་ཁེངས། གྲོང་མི་ཚོས་སྲོལ་རྒྱུན་གྱི་རྒྱན་གོས་སྤྲས་ནས་མི་གསུམ་བཞི་མཉམ་དུ་གླེང་མོལ་བྱེད་ཀྱིན་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་གྱི་དངུལ་སྨར་བགོ་འགྲེམས་བྱེད་སྒོ་སྒུག་བཞིན་ཡོད།

བྱེད་སྒོ་འགོ་ཚུགས་པ་དང་ཐོས་བསམ་གླིང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གྲུབ་ཀྱིས་རྩིས་ཐོ་ལག་ཏུ་བཟུང་བཞིན་སྐད་གསང་མཐོན་པོས“ན་ནིང་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་33དང་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཡུལ་སྐོར་གུར་གྱི་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་65བྱུང་འདུག ན་ནིང་ང་ཚོས་ཞིང་འཕྲུལ་ཆེ་གྲས་3ཉོས་པར་སྒོར་ཁྲི་32.82བཏང་བ་ཡིན། ད་ལྟ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་མཉམ་ལས་ཁང་གིས་མཉམ་དུ་དངུལ་སྨར་སྒོར་ཁྲི་38.4ཙམ་བགོ་འགྲེམས་རྒྱག་རྒྱུ་ཡིན”རྩིས་དེབ་ཐོག་གི་ཡོང་སྒོ་རེ་རེ་ལས་དགའ་འབོད་ཀྱི་སྒྲ་གྲགས། ཨ་མ་རྒན་མོ་འགའ་ཤས་ཀྱིས་ཉི་མ་བསྲོ་བཞིན“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང”ཞེས་མགོ་བོ་ལྕོག་ལྕོག་བྱེད་བཞིན་བཤད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

བགོ་འགྲེམས་རྒྱག་འགོ་ཚུགས་པ་དང་། ཁྱིམ་ཚང་73གྱིས་སྒོ་རྟགས་ལྟར་བང་སྒྲིག་པ་དང་དུད་ཚང་ཚང་མར་བཙན་སྒམ་ཡང་རག་ཡོད། གཞོན་ནུ་འགའ་ཤས་ཀྱིས“ད་གསང་བའི་ཨང་རྟགས་ཡག་པོ་མ་ངེས་ན་རྩ་ཆེའི་ཅ་ལག་ལེན་ཐུབ་ཀྱི་མ་རེད”ཅེས་དགོད་སློང་བཞིན་བཤད།

ཕྱི་དྲོ་ཐོས་བསམ་གླིང་གྲོང་ཚོ་ཨུ་ལྷན་མདུན་གྱི་ཐང་ཆེན་དུ་གར་སྟེགས་བརྒྱབ་ཅིང་། སྒྲ་སྙན་དང་པི་ཝང་རྒྱུད་གསུམ་སོགས་ཀྱི་རོལ་མོ་དཀྲོལ་བ་དང་ཆབས་ཅིག་ཐོས་བསམ་གླིང་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་16གིས་དགའ་སྤྲོ་འཁོལ་བའི་དིང་རིའི“ལྷོ་གཞས”འཁྲབ་པ་དང་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱིས་ས་མཐོའི་གྲང་ངར་འཇོམས་པ་ལྟར་གྲོང་མིའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།

ཉི་མ་ནུབ་ཁའི་མཚམས་སུ་བགོ་འགྲེམས་བྱེད་སྒོ་མཇུག་འགྲིལ་ལ་ཉེ་ཞིང་། བསམ་གྲུབ་ཀྱིས་དགའ་སྤྲོ་འཁོལ་བའི་མི་ཚོགས་ལ་ལྟ་བཞིན་གསར་འགོད་པར“གཟིགས་དང་། གྲོང་གསེབ་དར་རྒྱས་ཀྱི་རྒྱུགས་ལན་ལས་ང་ཚོའི་འཚོ་བ་ཡག་ཏུ་ཕྱིན་པ་མ་ཟད། དུས་རབས་ཀྱི་ཉམས་འགྱུར་གྱིས་ཁེངས་ཡོད”ཅེས་བཤད།

(བསྟན་བཟང་གིས་བསྒྱུར། བདེ་དབང་གིས་ཞུས)