04

ངའི་སྤོ་བོ་ལགས་ཞིང་བྲན་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཏུ་གྱུར་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཕུན་ཚོགས་ཉི་སྒྲོན། 2025年03月04日

ཟླ་2ཚེས་27ཉིན་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཡིན་ཞིང་། ཞོགས་པའི་ཉི་གཞོན་འཛིན་མའི་པང་ཁར་དལ་གྱིས་ཐོན་ཏེ་ཉི་ཟེར་ལྷ་སར་ཡོངས་སུ་འཕྲོས་པའི་སྐབས། རང་ཉིད་ཕ་ཡུལ་ལ་འཕྲེང་སེམས་བཅངས་ནས་ལོག་འགྲོ་བའི་དཔུང་ཁག་སྟོབས་པོ་ཆེའི་གྲས་ཤིག་ཡིན།

ཐག་རིང་དུ་བསྲིངས་པའི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཚེ་ལྷ་སའི་འདུ་ལོང་རིམ་བཞིན་ཡལ་བར་གྱུར།

རླངས་འཁོར་ལ་ཆུ་ཚོད་བཞི་ཙམ་བསྡད་རྗེས་ང་ཚོ་གཞི་ནས་ཡུན་རིང་དྲན་པའི་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་རྫོང་འཕྲེང་རིང་ཤང་དུ་འབྱོར། དུད་ཚང་ཚང་མའི་ཁང་སྟེང་གི་དུ་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་དང་། སྤོ་བོ་ལགས་སྔ་པོ་ནས་སྒོ་ཁར་བསྒུགས་ནས་བསྡད་འདུག ཁྱིམ་གྱི་སྒོ་འཛུལ་མ་ཐག་འདྲེན་བྱེད་ལམ་དུ་སྔོན་མ་དང་ཡོངས་སུ་མི་འདྲ་བའི་རྣམ་པ་གསར་རྐྱང་ཞིག་འཆར་བ་སྟེ། སྔོན་མ་ས་ཕག་གི་ཁང་པ་དེ་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པར་ཨར་འདམ་ལྕགས་རྩིབ་མ་ལས་བྱས་པའི་བོད་བཟོའི་གྲོང་མིའི་སྡོད་ཁང་དུ་གྱུར་པ་དང་། ཁང་སྟེང་དུ་ཉི་ཤེལ་གྲལ་སྟར་བསྒྲིགས་ནས་ཡོད་པ་ལ་ཉི་འོད་ཕོག་སྐབས་འོད་ཆེམ་ཆེམ་འཕྲོ་བ། འོག་ཁང་ནི་སྔོན་མའི་བ་ཚང་དེ་མིན་པར་གུ་ཡངས་པའི་འབྲུ་མཛོད་ཡིན་པ་དང་འབྲུ་སྒྱེ་མང་པོ་རྩིག་ཟུར་དུ་བརྩེགས་ནས་བཞག་ཡོད་པ་མ་ཟད། ཐོག་སོ་གཉིས་པར་སྐྱོད་སྐབས། སྔོན་མ་ཙེར་ཙེར་གྱི་སྒྲ་གྲགས་པའི་ཤིང་སྐས་ད་ཆ་སྲ་ཞིང་མཁྲེགས་པའི་ཨར་འདམ་ལྕགས་རྩིབ་མར་གྱུར་པ་དང་། ཁང་མིག་ཚང་མ་གུ་ཡངས་ཤིང་དཀར་ཆ་དོད་པ་དང་། སྒེའུ་ཁང་ལ་ཤམ་བུ་གསར་པ་བརྗེས་ནས་བསིལ་རླུང་གིས་དལ་བུར་གཡོ་བཞིན་པ་མཐོང་བྱུང་།

སྤོ་བོ་ལགས་ཐབ་ཀྱི་འགྲམ་དུ་བསྡད་ནས་དགོང་མོའི་དགུ་ཐུག་བཟོས་ཏེ་ངོ་གདོང་ལས་བློ་ཡིད་ཚིམ་པའི་འཛུམ་མདངས་ཤིག་སྟོན་བཞིན་མཆིས། ཁོང་གིས་ནང་ཆས་དང་གློག་ཆས་གསར་པ་རེ་རེ་བཞིན་ལ་མཛུབ་མོ་འཛུགས་བཞིན་དུ“ཁང་པ་གསར་པ་འདི་རྒྱག་སྐབས། སྲིད་གཞུང་ནས་ཁ་གསབ་སྒོར་ཁྲི་1.5སྤྲད་བྱུང་། ད་ཆའི་འཚོ་བ་སྔོན་མ་བསམ་པའི་ཡུལ་ལའང་འཁོར་མི་ཕོད་པ་ཞིག་རེད”ཅེས་སྤོབས་པ་ཆེན་པོས་བཤད་བྱུང་།

སྤོ་བོ་ལགས་ཀྱི་མི་ཚེའི་བྱུང་བ་ངོ་མཚར་བ་ནི་ས་ཆ་འདིའི་སྐྱེ་བོ་བགྲང་ལས་འདས་པའི་མི་ཚེའི་མཚོན་ཚུལ་རགས་བསྡུས་ཤིག་རེད།

སྤོ་བོ་ལགས་ཀྱིས་དགུ་ཐུག་བཟོས་ཟིན་རྗེས་ང་རང་ཁང་མིག་གཞན་ཞིག་ཏུ་ཁྲིད་བྱུང་། ཁོང་གིས་གྱང་ལྡེབས་ཀྱི་ཚོན་མདོག་སེར་སྐྱར་གྱུར་པའི་གཟེངས་རྟགས་དང་པར་རིས་སྟོན་བཞིན་དུ“འདི་ནི་1988ལོར་ང་རང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པར་ཞུགས་སྐབས་ཀྱི་དྲན་རྟེན་མཉམ་པར་ཡིན་པ་དང་། ངས་བཏོན་པའི་གྲོས་གཞི་དང་པོ་ནི་དམངས་བཙུགས་སློབ་གྲྭའི་མཐུན་རྐྱེན་ལེགས་སུ་གཏོང་རྒྱུའི་སྐོར་ཡིན། དེ་དུས་གྲོས་གཞི་དེ་གྲོང་ཚོའི་རྒྱང་བསྒྲགས་ནས་གཏོང་སྐབས། རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེས་ཚུལ་ད་ལྟའང་བློར་དྲན་གྱི་འདུག”ཅེས་བཤད། སྤོ་བོ་ལགས་གདན་ཞུས་ལྟར་པེ་ཅིང་དུ་ཐེངས་མང་བསྐྱོད་མྱོང་ཞིང་། 1986ལོར་རྒྱལ་ཡོངས་སྔོན་ཐོན་ཏང་ཨུད་ཀྱི་ཧྲུའུ་ཅིའི་མིང་ཐོག་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཏང་ཀྲི་པུའུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་བྱས་རྗེས་དང་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུར་ཞུགས་པ་ནས་བཟུང་། 1988ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པར་ཞུགས་པ་དང་། དེ་ནས་1990ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར་བདམས་པ་བཅས་གཞིས་ཀའི་མངའ་བདག་གི་ཕྱུགས་རྫི་ཁྲལ་པ་ཞིག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཏུ་གྱུར་པའི་བར་གྱི་འཕོ་འགྱུར་རེ་རེ་ལས་ཁོང་གིས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གི་ལམ་བུར་བསྐྱོད་ཡོད། ད་ཆ་གུ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་སྤོ་བོ་ལགས་ཀྱི་གཏམ་གླེང་ལས་མྱོང་ཚོར་ཟབ་མོ་དང་སྤོབས་སེམས་ཆེན་པོ་མངོན་ཞིང་། དེ་ནི་དཀའ་ཚེགས་ཀྱི་ལོ་ཟླར་བརྩེ་བ་ཟབ་མོས་གྱེས་བྲལ་ཞུས་པ་ཞིག་ཡིན་ལ། འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་བ་ཟབ་མོ་བཅངས་ཚུལ་ཞིག་དེ་བས་ཀྱང་རེད། (པ་ཚེས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)