02

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོས“སྣེ་འཁྲིད་མཁན”གྱི་ནུས་པ་གང་ལེགས་བཏོན་པ། 2025年03月04日

འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་གློག་འཕྲིན་འབྱོར་གསལ། ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུས“སྣེ་འཁྲིད་མཁན”གྱི་ནུས་པ་གང་ལེགས་བཏོན་ཏེ་རྒྱ་ཆེའི་གྲོང་ཚོའི་ལས་བྱེད་པའི་ལས་ཀའི་ཧུར་སེམས་ལ་སྐུལ་སློང་ནུས་ལྡན་བྱས་པ་དང་གྲོང་གསེབ་དར་རྒྱས་ཀྱི་གཡུལ་ས་གཙོ་བོར་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་པོ་ཆགས་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཁར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་རམ་འདེགས་བྱས་པ་རེད།

མིག་དམར་གྱིས་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ཚུན། མང་ཚོགས་ཀྱི་རེ་སྒུག་དང་སེམས་ཁྲལ་རྟག་ཏུ་སེམས་ལ་བརྟན་པོར་བཞག་ནས་སྣེ་ཁྲིད་དེ་ཡོན་ཏན་སློབ་སྦྱོང་དང་ལག་ལེན་བྱས་ཏེ་མང་ཚོགས་དང་འབྲེལ་བ་ཡོད་པའི་དོན་དག་ཆེ་ཆུང་རེ་རེ་བཞིན་དོན་འཁྱོལ་འཚམ་པོ་བྱེད་པ་དང་། རང་འགུལ་ངང་མང་ཚོགས་དང་འབྲེལ་འདྲིས་བྱེད་པ། གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ། ཐབས་ཤེས་ཡོད་རྒུས་གྲོང་ཚོ་འཕེལ་རྒྱས་གཏོང་བའི“ཐབས་ལམ”འཚོལ་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པར་བྱས་ཡོད། དེར་བརྟེན་མིག་དམར་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”དང“རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་སྔོན་ཐོན་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་འགག་རྩ་ནི་འགོ་ཁྲིད་ཚན་ཁག་སྟོབས་དང་ལྡན་པ་ཞིག་ཡོད་པས་རེད། ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་གྲོང་ཚོའི་ལས་བྱེད་པའི་ཚད་འབེབས་དོ་དམ་དང་དེ་བཞིན་ཁས་ལེན་ཡོངས་བསྒྲགས་དང་ལག་ལེན་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། གྲོང་ཚོའི་ལས་བྱེད་པ་ལྗོངས་ཕྱིར་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་ཧུར་ཐག་བཏང་ནས་ལས་ཕྱོད་དང་ལས་སྒྲུབ་འཇོན་ཐང་ཆེ་རུ་ནུས་ལྡན་བཏང་བ། ཏང་ཡོན་ལ་རིགས་དབྱེ་དོ་དམ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། དམངས་དོན་རྩོད་གཞི་འདུམ་འགྲིག ཁོར་ཡུག་འཕྲོད་བསྟེན་ལ་ལྟ་སྐུལ། ཤེས་དཔལ་གྱི་དར་སྲོལ་གསར་པ་དར་སྤེལ་སོགས་ལས་གནས་10ལྷག་ཙམ་བཙུགས་ཏེ། མང་ཚོགས་ཀྱི་འབོད་སྐུལ་མཐའ་དག་ལ་ཏང་ཡོན་གྱིས་ངེས་པར་དུ་འབོད་ལན་སློག་རྒྱུ་མཐའ་འཁྱོངས་བྱས་པ་རེད།

བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུས་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ལས་ཀ་དང་། མཉམ་དུ་དཀའ་ངལ་ཁྱད་བསད། མཉམ་དུ་ཡོང་འབབ་གསོག་པ་བཅས་བྱེད་པ་དང་། ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་ཏེ“འགྱུར་ལྡོག་གསུམ”གྱི་སྒྱུར་བཅོས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བསྟར་ཡོད། 2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་984ཟིན་པ་དང་། བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའུ་རང་སྐྱོང་ལྗོངས་ཀྱིས“ས་མཐོའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུཌ”ལ་བདམས་པ་རེད།

ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་ལས་རིགས་ཀྱི་ཚོང་པ་ཁ་ཐོར་དུ་གནས་པ་དང་དོ་དམ་ཟང་ཟིང་གི་གནད་དོན་ཐག་གཅོད་བྱེད་ཆེད། བྲག་ཕྱི་གྲོང་ཚོས་གངས་ལྗོངས་ཧུང་ཤིན་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་བཙུགས་པ་མ་ཟད། ས་ཞིང་མ་རྐང་ལ་འཇོག་པའི་མཉམ་ལས་བྱེད་སྟངས་སྤྱད་དེ་ཁེ་ལས་ལ་ཁྲོམ་ར་གསར་སྤེལ་བྱེད་དུ་བཅུག་པས་ཞིང་པ་རྐང་བདག་ལ་གྱུར་བ་དང་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་450འཕར་བ་རེད། ཀོང་ཏུང་ཏུང་དབྱང་ཀོང་སྨན་རྫས་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ས་ཞིང་བོགས་མར་བཏང་བར་ལོ་རེར་ཡོང་འབབ་སྒོར་ཁྲི་101བྱུང་བ་དང་། གྲོང་ཚོ་རིམ་པའི་ཁེ་ལས་ལ་མ་རྐང་ལམ་ལུགས་ཀྱི་བྱེད་སྟངས་སྤྱད་དེ་ཧུང་ཤིན་ཚོང་ལས་ཨར་འདམ་ཚད་ཡོད་ཀུང་སི་བཙུགས་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི་1000བཏང་བར་མང་ཚོགས་ཀྱི་མ་རྐང་སྒོར་ཁྲི་200ཡོད་པ་དང་བྱེ་རྡོ་དང་ལུགས་པང་སོགས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པར་ལོ་ལྟར་གྲོང་མིར་ཁེ་སྤོགས་སྒོར་ཁྲི་70རག་གི་ཡོད་པ་རེད།

འཕེལ་རྒྱས་ཀྱི་མ་དངུལ་དཀོན་པ་དང་མ་དངུལ་བསྡུ་རུབ་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། གྲོང་ཚོའི་ཏང་ཀྲི་པུས་གྲོང་མི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ། སྲིད་གཞུང་གི་ཁ་གསབ་དང་། ཁེ་སྤོགས་བགོས་པའི་མ་དངུལ། མང་ཚོགས་ཀྱི་དངུལ་བུན་སོགས་ཁག་གཅིག་གྲོང་ཚོའི་མཉམ་སྡེབ་ཀྱི་མ་རྩའི་ནང་བཅུག་ནས་ས་ཁོངས་ཀྱི་ཚད་བཀག་ལས་བསྒྲལ་ཏེ་བྲག་ཡིབ་ཆུས་གྲོང་ཁུལ་ནས་ས་ཞིང་མུའུ་27ཉོས་པ་མ་ཟད། ད་དུང་སྒོར་དུང་ཕྱུར་2.7གྲབས་གསོག་བྱས་ནས་བྲག་ཕྱི་དུས་རབས་ཐང་ཆེན་བསྐྲུན་པ་རེད།

གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོ་ཡོངས་ཕྱོགས་བསྡུས་དྲ་མིག་1དང་ཆེད་མངགས་དྲ་མིག་5ལ་དབྱེ་བ་དང་། དྲ་མིག་ཉེན་རྟོག་པ་དང་དྲ་མིག་པ་11བཀོད་སྒྲིག ཏང་ཡོན་5གྲོང་ཚོ་རིམ་པའི་གཞོགས་འདེགས་དོ་དམ་པར་གདན་ཞུ་བཅས་བྱས་ནས་གྲོང་ཚོའི་བདེ་འཇགས་ཀྱི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ཡོད།

དེ་སྔའི་གྲོང་ཚོའི་མཉམ་སྡེབ་ཀྱི“བྱ་བ་སྒྲུབ་པའི་དངུལ་མེད་པ”དང“ཞབས་ཞུ་མི་འདང་བའི”དཀའ་ངལ་གྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ནས་ཕན་འབྲས་མཉམ་སྤྱོད་དང་། དམངས་འཚོར་སྣང་ཆེན། ལས་བྱེད་པ་དང་མང་ཚོགས་མཉམ་འདྲེས་བཅས་ཀྱི་ཕུགས་ཕན་ལམ་སྲོལ་གཏོད་ཆེད། གྲོང་ཚོའི་མཉམ་སྡེབ་ཀྱི་མ་དངུལ་བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ་300ཡོད་པའི་རྒན་རྒོན་བྱེད་སྒོའི་ལྟེ་གནས་བསྐྲུན་པ་དང་ལོ་ལྟར་ལོ་70ཡན་གྱི་རྒན་རྒོན་ལ་ཁ་གསབ་དངུལ་སྒོར་2500སྤྲད་པ་མ་ཟད། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མར་ལས་གཏོད་ཁ་གསབ་སྒོར་ཁྲི་10སྤྲད་ཡོད། དུས་མཚུངས་སུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་ཟླ་རེར་འཚོ་བའི་ཁ་གསབ་དངུལ་སྒོར་400སྤྲད་པས། མང་ཚོགས་གྲོང་ཚོ་རིམ་པའི་ལས་དོན་དོ་དམ་དང་། སྤྱི་ཕན་བྱ་གཞག་འཕེལ་རྒྱས། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་ཞུགས་པའི་ཧུར་སེམས་ཆེས་ཆེར་འཕེལ་ནས་གཞི་རིམ་བཅོས་སྐྱོང་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

(ཚེ་བརྟན་སྒྲོལ་དཀར་དང་། པ་ཕན། བསོད་བདེ་ཆུང་བ། དབང་སྒྲོན་སྐྱིད་བཅས་ཀྱིས་སྒྱུར་ཞུས་བྱས)