འདི་ནི་ཀོ་ཐང་ཤང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་མཐའ་མཚམས་ལ་སྐོར་གཡེང་དང་མཐའ་མཚམས་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བཞིན་པ།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་རུད་གྲོང་ཚོའི་ལ་ཆེན་ལར་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པ་དང་། ལ་རྩེའི་དྲོད་ཚད་ནི་སྔར་རྒྱུན་བཞིན་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡས་མས་རེད། གངས་མཐུག་པོའི་སྟེང་སྨུག་ཕྱིའི་འོད་འཕྲོས་ཚེ་མིག་ཀྱང་གདངས་དཀའ་བར་གྱུར་གྱི་ཡོད་མོད། གཞི་རིམ་གྱི་ལས་བྱེད་པ་དང་། མཐའ་མཚམས་མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ། ཡུལ་དམག མཐའ་སྲུང་བ་བཅས་ལས་གྲུབ་པའི་མཐའ་མཚམས་སྐོར་གཡེང་དཔུང་ཁག་ཅིག་གིས་སྐོར་གཡེང་ལམ་ཐིག་འདེད་ནས་དཀའ་ཚེགས་ཆེན་པོས་མདུན་སྐྱོད་བྱེད་བཞིན་འདུག
ལ་ཆེན་ལ་ནི་སྐྱིད་གྲོང་རྫོང་ཀོ་ཐང་ཤང་ཁོངས་ནས་ཕྱི་ཕྱོགས་སུ་སྐྱོད་སའི་ལ་ཁ་བཞི་ཡི་གྲས་ཤིག་རེད་ལ། ཀྲུང་གོ་དང་ནེ་པ་ལའི་དབར་གྱི་མཐའ་མཚམས་ཚོང་དོན་གྱི་སྲོལ་རྒྱུན་བགྲོད་ལམ་ཞིག་ཀྱང་ཡིན་པས། ས་དབྱིབས་ཆ་རྐྱེན་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་བརྟན་ལྷིང་ལ་ཏང་ཡོན་ལས་བྱེད་པ་དང་། མཐའ་མཚམས་ཀྱི་མང་ཚོགས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་དོ་ཁུར་དང་དོ་སྣང་སྔར་བས་ཆེན་པོ་ཡོང་ཆེད། ཀོ་ཐང་ཤང་གིས་བསམ་ཕྱོགས་གསར་གཏོད་བྱས་ནས“མཐའ་མཚམས་ཀྱི་འཐབ་ས་མདུན་མར་རྒྱལ་དར་བཙུགས། མེས་རྒྱལ་ཆེད་དུ་ང་ཡིས་མཐའ་མཚམས་སྲུང”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བྱེད་སྒོའི་རིང་འགན་བཞེས་ལས་བྱེད་པ་དང་། ཕ་ཡུལ་དུ་གཉེན་འཕྲད་ལ་སླེབས་པའི་ལས་བྱེད་པ། འཁོར་ཞག་ཞུས་ནས་ཕ་ཡུལ་དུ་ལོག་པའི་དམག་མི། དུས་ཆེན་དང་ངལ་གསོའི་རིང་ཤང་དུ་ཡོད་པའི་སློབ་མ་སོགས་དུས་བཀག་ཐོག་གདན་དྲངས་ཏེ། རྒྱལ་དར་སྒྲེང་བ་དང་མཐའ་མཚམས་ལ་སྐོར་གཡེང་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས། མི་དེ་བས་མང་བ་མཐའ་མཚམས་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་ཡོད་ཅེས་ཀོ་ཐང་ཤང་གི་ཤང་ཀྲང་ལི་ཅིན་དབྱིས་ངོ་སྤྲོད་བྱས་པ་རེད།
ལོ་27ལ་སླེབས་པའི་པད་མ་སྒྲོལ་དཀར་ལྷ་ས་ནས་ཡིན་པ་དང་། 2018ལོར་སློབ་ཆེན་ཐོན་རྗེས། རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཆེད་བསྐོས་པའི་ཡིག་ཚད་བཏང་ནས་ཀོ་ཐང་ཤང་རུད་གྲོང་ཚོར་ལས་བགོས་བརྒྱབ་པ་དང་། 2023ལོའི་ཟླ་9པར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། རུད་གྲོང་ཚོའི་ཏང་ཡོན་སྦག་སྦག་མཐའ་མཚམས་སྐོར་གཡེང་རུ་ཁག་དང་ཏང་ཡོན་དང་བླངས་མཐའ་མཚམས་སྐོར་གཡེང་རུ་ཁག་གི་རུ་དཔོན་གྱི་འགན་གཅིག་ལྕོཌ་ཁུར་ཞིང་། རྒྱུན་གཏན་གྱི་ལས་ཀའི་ཁྲོད་མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་སྲུང་ལས་དོན་སྤེལ་རྒྱུ་ཁོང་གི་འགན་འཁྲི་གལ་ཆེན་ཞིག་ཏུ་གྱུར་ཡོད། “ཧྲུའུ་ཅི་སྒྲོལ་དཀར་ལོ་ན་གཞོན་ཡང་། ཁོང་གི་འགན་འཁྲིའི་བསམ་པ་ཧ་ཅང་ཆེན་པོ་ཡོད”ཅེས་ཏང་ཡོན་རྒན་གྲས་རབ་རྒྱས་ཀྱིས་བཤད་པ་དང་། ཁོང་གིས་རུད་གྲོང་ཚོའི་མཐའ་མཚམས་ལམ་ཐིག་ལ་རིང་ཚད་སྤྱི་ལེ་26ཡོད། ཕྱི་ཕྱོགས་ལ་སྐྱོད་སའི་ལ་ཁ་གཉིས་སུ་ས་མཚམས་འབྱེད་རྟགས་མཚམས་འབྱེད་བཙུཌ་ཡོད་པས། ཐག་རིང་ཤོས་དེར་སྐོར་གཡེང་ལ་སྐྱོད་ཚེ་ཉིན་གསུམ་འགོར་གྱི་རེད་ཅེས་བཤད།
དུས་ཐུང་ལོ་གཅིག་ནང་། ཁོ་མོ་མཐའ་མཚམས་སྐོར་གཡེང་སྐབས་རུ་ཁག་གི་མཇུག་ཤོས་སུ་ལུས་མཁན་ཞིག་ནས་ད་ཆ་རུ་སྣེ་འཁྲིད་མཁན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་ཀྱི“ཆུ་དང་། གློག ལམ་འཕྲིན་གཏོང་། དྲ་རྒྱ”བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། མཐའ་མཚམས་ཀྱི་མང་ཚོགས་དེ་བས་མང་བས་འཕེལ་རྒྱས་ལས་བྱུང་བའི་འགྱུར་ལྡོག་དངོས་སུ་ཚོར་ཡོད། པད་མ་སྒྲོལ་དཀར་གྱིས“ཉེ་བའི་ལོ་འགའི་རིང་། ང་ཚོའི་གྲོང་ཚོར་གློག་དང་ལམ་ཤར་གཏོང་ཐུབ་པ་དང་། ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བཞིན་ཡོད། 2024ལོར་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སྤྱོད་འགོ་ཚུགས་བྱེད་རིང་ཉོ་ཚོང་བྱེད་ཚད་སྒོར་ཁྲི་137.9ཟིན་པ་དང་། དབྱར་རྩྭ་དགུན་འབུའི་ཡོང་འབབ་ལོ་གསུམ་བསྟུད་མར་སྒོར་ཁྲི་700ལས་བརྒལ་ཡོད། ང་ཚོའི་གྲོང་ཚོའི་ཏང་ཀྲི་པུའུ་ད་དུང‘རང་སྐྱོང་ལྗོངས་རིམ་པའི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས’སུ་བདམས་པ་རེད། ད་ཆ་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ཞིང་། གཟི་བརྗིད་ཚོར་སེམས་ཆེ་རུ་ཕྱིན་ནས་མཐའ་སྲུང་གི་སྙིང་སྟོབས་སྔར་བས་ཆེ་རུ་སོང་ཡོད”ཅེས་བཤད།
2024ལོའི་ལོ་འཁོར་དུ་ཤང་ཡོངས་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.75ཟིན་ནས། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལ་སྔར་བས་མཆོང་སྐྱོད་གསར་པ་བྱུང་ཡོད།
(བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)