འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་28ཉིན་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་གསར་སྐབས་གློག་ཤུགས་སྒྲིག་བཀོད་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱ་ཆེད། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་ཆེན་ཡན་ལག་ཀུང་སིས་མི་སྣ་སྒྲིག་འཛུགས་བྱས་ནས་སྐུད་ལམ་གལ་ཆེན་དང་གཙོ་གནད་ཁུལ་དུམ་ལ་སྐོར་ཞིབ་བྱས་པ་རེད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་ཆེན་ཡན་ལག་ཀུང་སིས་ཚྭ་འདམ་གཞོངས་ས་ནས་བོད་ལྗོངས་བར་གྱི་ཆན་ཧྥུའུ±400ཡི་ཐད་རྒྱུག་གློག་རྒྱུན་དང་། ལང་ཞུས་ཆན་ཧྥུའུ་500ཡི་ལྡོག་སྐུད་མཉམ་གཤིབ་སྐུད་ལམ། ཞུས་ཕེང་ཆན་ཧྥུའུ་500ཡི་ལྡོག་སྐུད་མཉམ་གཤིབ་སྐུད་ལམ། ཀུའུ་ཞུས་ཆན་ཧྥུའུ་500ཡི་ལྡོག་སྐུད་མཉམ་གཤིབ་སྐུད་ལམ་སོགས་གཙོ་གནད་སྐུད་ལམ་ལ་སྐོར་ཞིབ་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་ས་ཐོག་གི་ཨར་སྐྲུན་འཆར་གཞི་བཟོ་བ། གློག་སྐུད་ཀྱི་ཕྱི་ལྤགས་བུད་པར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད་པ་རེད།
ད་ཐེངས་ཀྱི་དམིགས་བསལ་སྐོར་ཞིབ་ནང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་ཆེན་ཡན་ལག་ཀུང་སིའི་ལས་མིས་རིམ་རྩིས་བརྒྱབ་ན་སྤྱི་ལེ་120ལྷག་ཙམ་ལ་སྐོར་ཞིབ་བྱས་པ་དང་། གློག་ཤིང་200ལྷག་ཙམ་ལ་གྲལ་བཤེར་བྱས་པ། ད་ཡོད་གནས་པའི་གློག་སྐུད་ཀྱི་མངོན་མེད་རྐྱེན་ངན་7ལ་གཙོ་གནད་ཐོག་ས་གནས་ས་ཐོག་ཏུ་བསྐྱར་ཞིབ་བྱས་པ། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁུལ་གྱི་གློག་ཤིང་ལ་སྲུང་སྐྱོབ་དང་སྐོར་ཞིབ་བྱས་པ། ལམ་ཐིག་རྒྱུད་ཀྱི་གྲོང་ཚོ་དང་ཨར་ལས་བྱ་ཡུལ་སོགས་མི་སྣ་འདུ་འཛོམས་ཆེ་བའི་ས་ཁུལ་ལ་དྲིལ་བསྒྲགས་ལག་དེབ་100ལྷག་ཙམ་སྤྲད་པ། ས་གནས་ས་ཐོག་ཏུ“གློག་མདའ”སྤྱད་ནས་གློག་ཤིང་ཐོག་གི་བྱ་འཕིར་གཙང་སེལ་བྱས་ཡོད། ཁོང་ཚོས་ད་དུང་མི་མེད་གནམ་གྲུ་དང་སྐུད་ཡོད་ལྟ་ཞིབ་ཚད་ལེན་སོགས་སྔོན་ཐོན་ལག་རྩལ་བྱ་ཐབས་གང་ལེགས་སྤྱད་དེ་ནགས་ཁུལ་གྱི་གློག་འདྲེན་སྐུད་ལམ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་སྐུད་ལམ་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།