འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་ཡོམ་འགོག་རྒུད་སྐྱོབ་ལས་དོན་གྱི་གཙོ་གནད་དེ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་ནས་གེགས་རྗེས་བསྐྱར་སྐྲུན་ཕྱོགས་སུ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་སྔ་སྣུར་དུ་བཀོད་སྒྲིག་བྱས་པས་མཉམ་ཤུགས་ཆེན་པོ་ཞིག་ཆགས་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ལས་ཆོད་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
ལྷ་རྩེ་རྫོང་གིས་གེགས་རྗེས་བསྐྱར་སྐྲུན་ལས་དོན་བཀོད་འདོམས་པུའུ་བཙུགས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་འགན་གཙང་ལེན་པ་དང་ཤང་གྲོང་རྡལ་གྱི་འགོ་ཁྲིད་ཀྱིས་གྲོང་ཚོ་དང་ཁུལ་འགན་གཙང་ལེན་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྫོང་ཐད་གཏོགས་ལས་བྱེད་པ་24གནས་ཁུལ་ཁག་ཏུ་ཞབས་འདེགས་ཞུ་བར་བཏང་ཡོད། གནོད་འཚེའི་གྱོང་གུན་ཚོད་སྐོར་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་བཤེར་ཡང་ཡང་བྱས་པ་ལས་གནོད་འཚེའི་གྱོང་གུན་སྒོར་དུང་ཕྱུར་37.87ཟིན་ཞིང་། ཞིབ་དཔྱད་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་59རེ་ཞུ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་52གཏོང་རྒྱུ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཆེད། དུད་ཚང་1061གི་གྱང་རོ་གཙང་སེལ་དང་། ཤང་དང་གྲོང་རྡལ་3གྱི་ཁང་ས་སྙན་ཞུའི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་དཔྱད་དང་རྫོང་ཡོངས་ཀྱི་དུད་ཚང་71གི་ས་ཞིང་ལ་ཞིབ་དཔྱད་བྱེད་པའི་ལས་དོན་ལེགས་པར་བསྒྲུབས་ཡོད། དེ་དང་ཆབས་ཅིག གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་དགོས་མཁོར་དམིགས་ཏེ། བླུག་འཁོར་དང་། སྔོག་འདོན་འཕྲུལ་འཁོར། ལྕགས་རྩིབས་བཟོ་པ་སོགས་ཨར་སྐྲུན་རིགས་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་15བྱས་པར་ཁྱོན་མི་450གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་ཆེད། ལྷ་རྩེ་རྫོང་གིས་གེགས་རྗེས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། ས་ཡོམ་ཁྲོད་ཤི་བའི་ཕྱུགས་རིགས་མགོ་གྲངས་146ལ་གནོད་མེད་ཅན་གྱི་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱས་པ་དང་། སྒྲིག་བཀོད་ཞིང་ལས་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གཏོར་སྐྱོན་ཕོག་པའི་ཞིང་ཁའི་ཆུ་བེད་སྒྲིག་བཀོད་ལ་གྲལ་བཤེར་དང་བསྡོམས་རྩིས་རྒྱག་པའི་ལས་དོན་ལེགས་པར་བསྒྲུབས་ཏེ། སྒོར་ཁྲི་280བཏང་ནས་ཉམས་བཟོ་བརྟན་གཏོང་ཐད་སྤྱོད་རྩིས་ཡོད་པར་མིག་སྔར་གནས་ཁག་20ལྷག་ཙམ་ཉམས་བཟོ་བྱས་ཡོད། གཏོར་སྐྱོན་ཕོག་པའི་དྲོད་ཁང་ཁག་80ཉམས་བཟོ་བརྟན་གཏོང་དང་བསྐྱར་སྐྲུན་གྱི་ཇུས་གཞི་བཟོ་བའི་ལས་དོན་ལེགས་གྲུབ་བྱུང་བ་དང་། ཁྱོན་མ་དངུལ་སྒོར་ཁྲི་450བཏང་སྟེ་ཉམས་བཟོ་བརྟན་གཏོང་དང་བསྐྱར་སྐྲུན་ཐད་སྤྱོད་རྩིས་ཡོད་པ་རེད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)