01

དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་བ། 2025年03月02日

ལེ་ཚན་གཏོད་པའི་གཏམ།

བོད་ཀྱི་ལོ་གསར་རིང་ལོ་མང་ཕྱིར་ལས་ཀ་བྱེད་པའི་འདི་ག་ཚགས་པར་གྱི་གསར་འགོད་པ་ཁྱིམ་དུ་ལོག་ནས་ནང་མི་དང་མཉམ་འཛོམས་བྱས། ཁོང་ཚོས་རང་ཡུལ་དུ་ལོག་པའི་གོ་སྐབས་དང་བསྟུན་ཏེ་པར་ཆས་ཐོག་ནས་ཕ་ཡུལ་གྱི་འགྱུར་ལྡོག་བཀོད་པ་དང་སྨྱུག་རྩལ་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་བྲིས་ཡོད། རང་ཡུལ་དེ་ཙམ་གྲ་རྒྱས་པོ་མེད་མོད། འོན་ཀྱང་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པ་དང་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཏོན་པའི་ཆེད་སྒྲིག་ལེ་ཚན“གསར་འགོད་པ་རང་ཡུལ་དུ་ལོག་པའི་ཟིན་བྲིས”ལ་དོ་ཁུར་གནང་རོགས།

བོད་ཤིང་སྦྲུལ་ལོའི་ལོ་གསར་ལ་གང་སར་མཉམ་འཛོམས་ཀྱི་རྣམ་པས་ཁེངས། རང་ཡུལ་དང་བྲལ་བའི་མི་མང་པོ་ཞིག་དང་འདྲ་བར་ངས་ཀྱང་ལམ་ཆས་འཁྱེར་ཏེ་རང་ཡུལ་ཆབ་མདོར་ལོག་པ་ཡིན། ལོ་གཅིག་རིང་རང་ཡུལ་དུ་ལོག་མེད་པས་རང་ཡུལ་ལ་འགྱུར་ལྡོག་བྱུང་ཡོད་མེད་དང་ནང་མི་བདེ་པོ་ཡིན་མིན་སོགས་ལམ་བར་དུ་རེ་བ་དང་སེམས་ཁྲལ་གཉིས་ལྡན་གྱི་བསམ་པ་ཞིག་སྐྱེས་བྱུང་།

ཞོགས་པ་ལྷ་ས་ནས་འཕུར་ཏེ་ཆུ་ཚོད་གཅིག་ལྷག་ཙམ་གྱི་རྗེས་སུ་སྤོམ་མདའ་གནམ་ཐང་དུ་འབྱོར། གནམ་ཐང་འབབ་ཚུགས་ནས་དོན་སྐབས་རླངས་འཁོར་སྒུག་ཁུལ་གྱི་བོགས་གཏོང་རླངས་འཁོར་དང་སྒེར་འཁོར་གྲལ་སྟར་སྒྲིག་པོས་བཞག་འདུག

ངས་རྡོག་ཁྲེས་ཁྱེར་ནས་པཱ་ལགས་ཀྱི་རླངས་འཁོར་དུ་བསྡད། ཆུ་ཚོད་གཉིས་ཙམ་གྱི་ལམ་ཐག་ནང་ང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ཅི་འཕྲོས་མོལ་འཕྲོས་བྱས། ལམ་བར་དུ་ངས་ལམ་རྒྱུད་དུ་ད་དུང་གངས་གསོག་ཅུང་ཐེབས་པ་དང་། འགྲོ་ལམ་གཡས་གཡོན་གྱི་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ། ཚོང་ཁང་དུ་ཕྱུར་བ་དང་། བྱེ་རིལ། ཁ་ཟས་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་སྒྲིག་པ་མཐོང་བྱུང་། ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དུ་སླེབས་སྐབས་འགྲོ་ལམ་གཡས་གཡོན་གྱི་ལམ་སྒྲོན་འོག་ཏུ་བཀྲ་ཤིས་མཚོན་རྟགས་ཀྱི་ལྒང་བཞུ་དམར་པོ་དང་དར་ཚོན་བཀལ་ཡོད་པས་དུས་ཆེན་གྱི་རྣམ་པས་ཁེངས་འདུག

ཁྱིམ་གྱི་ལོ་གསར་མཁོ་ཆས་གྲ་སྒྲིག་ཆ་ཚང་བྱས་ཡོད་མོད། འོན་ཀྱང་ངས་ད་དུང་ལོ་གསར་གོང་གི་མཁོ་ཆས་ཉོ་བའི་ཚོར་སྣང་དེ་མྱོང་ཚོར་བྱེད་འདོད་འདུག ལྟོ་བཟས་རྗེས་ངས་གཅེན་མོ་དང་གཅེན་པོ་ཁྲིད་ནས་ས་གནས་དེ་གའི་ལོ་གསར་གྱི་མཁོ་ཆས་ཁྲོམ་རར་ཕྱིན་པ་ཡིན། གཅེན་པོས་དགོང་མོའི་རྒྱ་ཁོག་རྒྱུ་ཆ་འདེམས་ཞོར་དུ“སྔོན་ཆད་ལོ་གསར་ལ་ཁྲོམ་རར་བྱེ་རིལ་དང་ཀོའོ་ཙེ་ཙམ་ལས་མེད། ད་ལྟ་ཉོ་འདོད་པ་ཐམས་ཅད་འདུག ལོ་གསར་གྱི་མཁོ་ཆས་ཉོས་ན་སྲིད་གཞུང་གི་ཁ་གསབ་བྱེད་སྒོར་ཞུགས་ཆོག་གི་འདུག་པས་དངོས་གནས་ཡག་པོ་འདུག”ཅེས་སེམས་འགུལ་ཟབ་མོ་ཐེབས་བཞིན་དུ་བཤད།

ས་རུབ་ལ་ཁད་དུ་ང་ཚོས་ལག་ཏུ་དངོས་ཟོག་འཁྱེར་ནས་མི་ཚོགས་ཀྱིས་ཁེངས་པའི་ཁྲོམ་ར་ནས་ལོག་པ་ཡིན། ལོ་གསར་པ་དེར་ངས་རང་ཡུལ་ནས་ལོ་གསར་གྱི་ཉམས་འགྱུར་ཚོར་བྱུང་ལ་ཆབ་མདོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའང་མཐོང་བྱུང་། དེ་ནི་བརྗེད་པར་དཀའ་བའི་རང་ཡུལ་དུ་ལོག་པའི་ཡུལ་སྐོར་ཞིག་ཡིན་ལ་རེ་བས་ཁེངས་པའི་མགོ་བརྩམས་ཞིག་ཀྱང་ཡིན།