
འདི་ནི་ལྷུན་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་ཡུལ་སྐོར་ཚོགས་པར་བསུ་བ་ཞུ་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷུན་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷུན་རྩེ་རྫོང་གིས“གངས་ལྗོངས་ཀྱི་མཐའ་མཚམས་སུ་བསྐྱོད་ནས། བོད་ཀྱི་ལོ་གསར་ཉམས་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་འབྲེལ། གཙང་གླས་གནམ་གྲུའི་ཡུལ་སྐོར་བྱེད་སྟངས་ཐོག་མར་སྤྱད་དེ། ཡུལ་སྐོར་བ་ཐད་ཀར་ལྷུན་རྩེ་རྫོང་དུ་བབས་ནས་གནས་དེའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་དང་བོད་ཀྱི་ལོ་གསར་གྱི་རྣམ་པ་ཟབ་མོ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཚོར་བར་བྱས་པ་རེད།
ལྷུན་རྩེ་རྫོང་ནི་བོད་ལྗོངས་ལྷོ་ཁའི་མཐའ་མཚམས་ཁུལ་དུ་གནས་ཤིང་། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་ཡོད། བོད་ཀྱི་ལོ་གསར་ནི་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེ་ཤོས་ཤིག་ཡིན་པས་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོ་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ལྗོངས་ཕྱིའི་ཡུལ་སྐོར་བ་ཚོས་མཐའ་མཚམས་ས་ཁུལ་གྱི་གངས་རི་དང་ནགས་ཚལ་སོགས་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཐུབ་པ་མ་ཟད། སྤགས་གཟན་བཟོ་བ་དང་། དགུ་ཐུག་སྐོལ་བ། ཆུ་ཕུད་ལེན་པ་སོགས་བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གོམས་སྲོལ་སྣ་ཚོགས་ནང་ཞུགས་ཏེ་བོད་ཀྱི་མི་རིགས་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གཏིང་ཟབ་བྱས་པ་རེད།