01

“དགུ་ཐུག”དགོང་མོའི་དྲོ་སྐྱིད་རྣམ་པ། 2025年03月02日

འདི་ནི་མངའ་རིས་ས་ཁུལ་ཕན་བདེ་ཁང་གི་དགུ་ཐུག་དགོང་མོའི་རྣམ་པ་ཡིན་པ།

འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་རུག་ནང་གྲོང་ཚོའི་པ་མཚོའི་ཁྱིམ་མི་ཚོས་དགུ་ཐུག་འཐུང་བཞིན་པ།

ཚེས་27ཉིན་ནི་དགུ་ཐུག་དགོང་མོ་ཡིན་པས། བོད་ཀྱི་ལོ་གསར་གྱི་སྔོན་འགྲོ་གལ་ཆེན་ཞིག་ཏུ་བརྩི་བ་དང་བོད་ཀྱི་ས་གནས་ཁག་ཏུ་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་རྟེན་འབྲེལ་གྱི་རྣམ་པ་ཟབ་མོ་ཞིག་མངོན་པར་བརྟེན་མི་རྣམས་ཀྱིས་རྣམ་པ་མི་འདྲ་བའི་ཐོག་ནས“དགུ་ཐུག”བཏུང་སྟེ་དྲོ་སྐྱིད་དང་མཉམ་འཛོམས་ཀྱི་དཔལ་ལ་རོལ་ནས་མཉམ་འཛོམས་ཀྱི་དུས་འདི་དགའ་གཏོང་བྱས།

ལྷ་ས།

ལོ་གསར་པར་རྣམ་པ་གསར་པ་མངོན། ཁྱིམ་ཚང་ཁྲི་སྟོང་དུ་མས་གློག་བཞུ་ཁྲ་ཆེམ་མེར་སྤར་ཏེ་མཉམ་འཛོམས་དགའ་སྟོན་གྱི་དུས་བཟང་འདིར། མེ་ཟོན་བཀོད་འཐབ་པ་ཚོས་ཁྲོམ་གཞུང་དང་སྲང་ལམ་དུ་སྐོར་གཡེང་བྱེད་པ་དེ་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཞིག་ཏུ་མངོན།

“དེ་རིང་གི་དགོང་མོ་ནི་བོད་ཀྱི་ལོ་གསར་གྱི‘དགུ་ཐུག’དགོང་མོ་ཡིན་པས། མེ་སྐྱོན་སྔོན་འགོག་དང་ཐོལ་བྱུང་ཐག་གཅོད་ཀྱི་ལས་འགན་ཧ་ཅང་ལྕི་བས། ཚང་མས་འགན་འཁྲི་སྔར་བས་ནན་པོ་ཁུར་ནས་མི་སེར་ཚོ་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ལོ་གསར་པ་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ཚེས་27ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་མཁར་ལྔ་གདོང་ལྷོ་ལམ་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་བཀོད་འཐབ་པ་ཚོས་ཉིན་དེའི་སྐོར་གཡེང་མ་བྱས་གོང་། ཆབ་སྲིད་ཁྲིད་སྟོན་པ་ཁྲེན་ལེ་ཡིས་ཡང་ནས་ཡང་དུ་མངགས་བྱས།

གཞིས་རྩེ།

“དགུ་ཐུག”གི་དགོང་མོར། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་གེགས་ཁུལ་གྱི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ། སྟབས་བདེའི་ཁང་པའི་ཕྱིར་རླུང་བུ་འུར་འུར་དུ་ལྡང་ཡང་ནང་དུ་དྲོ་སོབ་སོབ་ཡོད་པ་རེད།

ལོ་60ལ་སླེབས་པའི་རྒད་པོ་རྡོ་རྗེ་ཕྱུགས་འཚོས་ནས་ལོག་འོང་བ་དང་། ཁོང་ཁྱིམ་གྱི་སྒོ་འཛུལ་མ་ཐག་དགུ་ཐུག་གི་དྲི་ཞིམ་པོ་ཞིག་ཁ་ནས་ལུས་ཀྱི་ངལ་དུབ་ཅིག་ཅར་དུ་སེལ། “ཚང་མ་འཛོམས་སོང་བས་དགུ་ཐུག་བཏུངས་ན་ཆོག”ཅེས་བུ་རྒན་པ་སྐལ་བཟང་རྡོ་རྗེས་དེ་ལྟར་བརྗོད་བཞིན་དུ་ཚང་མར་དགུ་ཐུག་བླུག་འགོ་ཚུགས། ཁྱིམ་དུ་དགའ་བའི་དགོད་སྒྲ་བར་མི་ཆད་པར་གྲགས་ནས་དྲོ་སྐྱིད་ཀྱི་བརྩེ་བ་ཟབ་མོ་ཞིག་ངང་གིས་མངོན།

“གེགས་བར་འདི་འདྲའི་འོག་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཟབ་མོ་གནང་ནས‘དགུ་ཐུག’མཚན་མོ་དེར་ང་ཚོའི་སེམས་པ་དྲོ་བར་བྱས་པས། སླད་ཕྱིན་ང་ཚོའི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་རེད”ཅེས་སྐལ་བཟང་རྡོ་རྗེས་མྱོང་ཚོར་ཟབ་མོའི་ངང་བཤད།

ལྷོ་ཁ།

བོད་ཀྱི་ལོ་གསར་གྱི“དགུ་ཐུག”དགོང་མོར། ལྷུན་རྩེ་རྫོང་གིས་འཆར་འགོད་བྱས་པའི“གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་སྐྱོད། བོད་ཀྱི་ལོ་གསར་མྱོང་རོལ་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོར་གཙང་གླས་གནམ་གྲུ་ཐེངས་དང་པོ་བཏང་ནས་ས་གནས་ཁག་ནས་འོང་བའི་ཡུལ་སྐོར་བ་འཕྲལ་མར་འོང་ཐུབ་པ་བྱས་ཡོད།

ཡུལ་སྐོར་ཚོགས་པ་མདོ་ཡུལ་དུ་ཁྲིད་དེ་ལྷོ་པའི་ཡུལ་སྲོལ་གོམས་གཤིས་དང་ཡུལ་སྨད་དང་། རྩ་རིའི་གངས་རི་དང་། ནགས་ཚལ་སོགས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མྱོང་ཚོར་བྱས་པ་མ་ཟད། ས་གནས་ཀྱི་མང་ཚོགས་དང་མཉམ་དུ“དགུ་ཐུག”འཐུང་བ་དང་རྭ་རྩེད་དང་། “མདའ་འཕེན་པ”སོགས་ཀྱི་སྲོལ་རྒྱུན་གྱི་རྩལ་འགྲན་ནང་དུའང་ཞུགས་ཡོད།

ཆབ་མདོ།

2014ལོའི་ཟླ་བ་བདུན་པར། ཆོས་སྒྲོན་ཉིང་ཁྲི་ནས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་ལུང་ཤང་དུ་ལས་ཀ་བྱེད་པར་འོང་བ་དང་། འདི་ག་ནས་ཡིད་ལ་འབབ་པའི་གཏན་གྲོགས་ཏེ་གྲུ་པ་ལུང་ཤང་ནས་ཡིན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིན་ཆེན་རྡོ་རྗེ་ཐུག་སྟེ། ཕན་ཚུན་གཉིས་པོ་དགའ་རོགས་ལོ་གཉིས་བསྒྲིགས་ནས་ཆང་སའི་ལག་ཁྱེར་བླངས་ཤིང་། གསར་འགོད་པས་ཆོས་སྒྲོན་ལ་ལོ་འགའ་ཁྱིམ་དུ་ལོ་གསར་གཏོང་བར་ལོག་མེད་ཚུལ་སྐོར་འདྲི་སྐབས། ཁོང་གིས“ལས་ཀའི་རྐྱེན་གྱིས་ལོ་གཉིས་ཁྱིམ་དུ་ཕ་མ་དང་མཉམ་འཛོམས་ཀྱི་ལོ་གསར་གཏོང་ཐུབ་མ་སོང”ཞེས་མཆི་ཞག་འཁོར་བཞིན་དུ་བཤད།

ཆོས་སྒྲོན་གྱིས་མ་གཞི་བློ་ཕམ་པོ་བྱུང་རུང་ཡིན་ནའང་དགའ་འོས་པ་ཞིག་ལ“ཁྱོ་ག་དང་ཕྲུ་གུ་རང་ཉིད་དང་མཉམ་དུ་ཡོད་པ་མ་ཟད། ཁྱོ་གའི་ཁྱིམ་ཡང་ལས་ཀ་བྱ་ཡུལ་དང་ཐག་ཉེ་པོ་ཡོད”ཅེས་བཤད། ཅི་འཕྲོས་མོལ་འཕྲོས་བྱེད་རིང་ཐུག་པ་འཁོལ་ནས། “དགུ་ཐུག”གཏོང་འགོ་ཚུགས།

ནག་ཆུ།

ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཊ་ཤང་རུག་ནང་གྲོང་ཚོར། པ་མཚོའི་ཁྱིམ་དུ་གློག་འོད་ཁྲ་ཆིལ་ལེར་སྤར་ནས་དགའ་སྤྲོས་ཁེངས། ཁྱིམ་གྱི་མི་རབས་བཞི་པོས་ལུས་ལ་གཟབ་མཆོར་སྤྲས་ནས་བཞུགས་གྲལ་སྒོར་མོར་བསྡད་དེ་མཉམ་འཛོམས་མཚོན་པའི་དགུ་ཐུག་འཐུང་ཞིང་། སྒྲོག་ཙེའི་སྟེང་ཕྱུར་བ་དང་གྲོ་མ་སོགས་འབྲོག་ཁུལ་གྱི་ཁྱད་ལྡན་ཞིམ་ཟས་བསྒྲིགས་ཡོད། པ་མཚོའི་བུས“དགུ་ཐུག”མ་བླུགས་གོང་རང་ཉིད་ཀྱི་སློབ་གྲོགས་ཚོར་བརྙན་ལམ་ནས་དུས་ཆེན་གྱི་སྤྲོ་སྣང་མཉམ་སྤྱོད་བྱེད་བཞིན་ཡོད།

མངའ་རིས།

ཚེས་27ཉིན། མངའ་རིས་ས་ཁུལ་གྱི་ཕན་བདེ་ཁང་དུ་ལྒང་བཞུ་དང་དར་ཚོན་གྱིས་བརྒྱན་ནས་གང་སར་བོད་ཀྱི་ལོ་གསར་གཏོང་བའི་དགའ་སྤྲོ་དང་དྲོ་སྐྱིད་ཀྱི་རྣམ་པ་མངོན། ཚང་མར་ཁྱིམ་གྱི་དྲོ་སྐྱིད་དང་དུས་ཆེན་གྱི་སྤྲོ་སྣང་ཚོར་དུ་འཇུག་ཆེད། ལས་དོན་པས“དགུ་ཐུག”གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

ཕན་བདེ་ཁང་གི་ལས་དོན་པ་ཚེ་རིང་རྒྱ་མཚོས“འདི་ལོ་ནི་ངས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་བོད་ཀྱི་ལོ་གསར་གཏོང་ཐེངས་དགུ་པ་ཡིན། དོ་དགོང་གི་དགུ་ཐུག་ནས་འགོ་བཙུགས་ཏེ། རྗེས་ཀྱི་ཉིན་འགའི་རིང་ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་ལོ་གསར་གྱི་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པའི་རེ་བ་འཆང་བ་མ་ཟད། ཁོང་ཚོ་ལོ་གསར་པར་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་བའི་འཆར་གཞིའང་ཡོད”ཅེས་བཤད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)