
པར⑦ནི་བློ་བཟང་དང་ཆོས་དབང་གིས་སྨན་སྤོས་ཀྱི་རྒྱུ་ཆ་སྦྱོར་རྟ་བྱེད་བཞིན་པ།

པར⑥ནི་མཉམ་ལས་ཁང་གི་སྨན་སྤོས་སྣ་ཚོགས་ཡིན་པ།

པར⑤ནི་མཉམ་ལས་ཁང་གི་ལས་མིས་སྤོས་ཆག་རྒྱག་བཞིན་པ།

པར④ནི་2024ལོའི“སྐལ་བཟང་མེ་ཏོག་བཞད། ནན་ཅིང་གི་མལ་གྲོའི་རིག་གནས་གཟའ་འཁོར”བྱེད་སྒོར་བློ་བཟང་གིས་ནན་ཅིང་གི་གྲོང་མིར་སྨན་སྤོས་ངོ་སྤྲོད་བྱེད་བཞིན་པ།

པར③ནི་མཉམ་ལས་ཁང་གི་ལས་མིས་སྤོས་བཟོ་བཞིན་པ།

པར②ནི་གཏོར་གཟུགས་ཀྱི་སྨན་སྤོས་ཡིན་པ།

པར①ནི་བློ་བཟང་དང་ཆོས་དབང་གིས་རང་ཐག་གིས་སྨན་སྤོས་ཀྱི་རྒྱུ་ཆ་དབུར་བཞིན་པ།
ཞོགས་པའི་ཉི་གཞོན་ཐོག་མར་འཆར་སྐབས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོ་འདི་ཉིད་སྔར་བཞིན་དབེན་འཇམ་དུ་གནས་ཤིང་། གསར་འགོད་པ་འབྲི་གུང་ར་སེའི་བུད་མེད་སྨན་སྤོས་ལས་སྣོན་མཉམ་ལས་ཁང་དུ་སྐྱོད་སྐབས་ཐུན་མིན་གྱི་སྤོས་ངད་ཞིམ་པོ་ཞིག་སྣ་ལ་ལྷང་ངེར་འཐུལ་འོང་སྟེ་ས་ཆ་དེ་གར་སྤོས་བཟོས་ནས་འབབ་འཕར་ཕྱུག་འགྱུར་གྱི་གཏམ་རྒྱུད་ཅིག་བརྗོད་པ་ལྟར་སྣང་།
མཉམ་ལས་ཁང་འཛུགས་མཁན་བློ་བཟང་གིས་སྤོས་རྐང་གཅིག་སྤོར་བཞིན་ཡོད་པ་དང་དེ་ལས་འཕྲོ་བའི་མེ་སྟག་གི་འོད་མདངས་ནི་ནང་མི་ཡོངས་ཀྱིས་ཉིན་མོ་གསར་པར་བཅོལ་བའི་རེ་སྒུག་རེད། ཞོགས་ཟས་སྟབས་བདེ་ཞིག་བཟས་རྗེས་བློ་བཟང་དང་བཟའ་ཟླ་ཆོས་དབང་གིས་ལས་གོས་གྱོན་པ་དང་ལག་པ་གཙང་མར་བཀྲུས་ཏེ་ཉིན་གཅིག་གི་བྲེལ་བརྩོན་ཆེ་བའི་ལས་ཀ་བྱེད་འགོ་ཚུགས།
མཉམ་ལས་ཁང་གི་བཟོ་ཁང་དུ་ཆེ་ཆུང་མི་གཅིག་པའི་ལག་ཆ་སྣ་ཚོགས་བསྒྲིགས་ཡོད་པ་དང་གྱང་ལྡེབས་སུ་2013ལོར་ཐོབ་པའི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གཟི་བརྗིད་བྱང་བུ་བཀལ་ཡོད་པ་དེ་ལས་ཁོ་ཚོས་ལོ་དེ་དག་རིང་དཀའ་བ་དུ་མ་སྤྱད་པའི་གྲུབ་འབྲས་མངོན་ཡོད།
བློ་བཟང་གིས“སྤོས་ཀྱི་རྒྱུ་ཆ་འཚོལ་འཐུའི་དུས་ཚིགས་ཤར་སྐབས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ང་ཚོའི་དེ་གར་གཏན་འཇགས་ཀྱི་ལས་མི་5ཡོད་པ་ཕུད། ལས་བྲེལ་ཆེ་བའི་སྐབས་ཡུལ་མི་སྤུན་ཟླ་30ལྷག་ཙམ་གྱིས་རི་སྟེང་དུ་སྨན་རྩྭ་འཐུ་བར་འགྲོ་གི་ཡོད། ཚང་མས་སྨྱུག་སླེ་རྒལ་པར་འཁུར་བ་དང་ལག་ཆ་འཁྱེར་ཏེ་དགོད་སྒྲའི་ཁྲོད་དུ་ལས་ཀ་ཧུར་པོ་བྱེད་ཀྱི་ཡོད”ཅེས་བཤད།
བློ་བཟང་གི་གཏམ་དེ་དག་ཉན་རྗེས་གསར་འགོད་པར་ཡུལ་མི་སྤུན་ཟླ་ཚོས་རྩྭ་གསེབ་དང་ནགས་གསེབ་ཏུ་་སྨན་རྩྭ་འཚོལ་བའི་འཁྲུག་ཆ་དོད་པའི་རྣམ་པ་མིག་ལམ་དུ་འཆར། “མང་ཤོས་སུ་མི་འགའ་རེས་ཉིན་གཅིག་ལ་སྨན་རྩྭ་རྒྱ་མ་50ལྷག་ཙམ་འཐུ་ཐུབ་པ་དང་ཉུང་ཤོས་ལའང་རྒྱ་མ་20ཡས་མས་འཐུ་ཐུབ་ཀྱི་ཡོད། ཚང་མར་ཧུར་སེམས་ཆེན་པོ་ཡོད། ང་ཚོའི་མཉམ་ལས་ཁང་གིས་ཀྱང་སྨན་རྩྭ་རྒྱ་མར་བཀྱགས་ནས་ཉོས་ཏེ་དྲང་པོ་དྲང་གཞག་བྱེད་ཀྱི་ཡོད། དཀའ་ལས་བརྒྱབ་ན་འབྲས་བུ་ཐོབ་ངེས་རེད”ཅེས་བློ་བཟང་གིས་དགའ་ཚོར་ཆེན་པོས་བཤད།
“ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་པ་གནང་བྱུང་། གྲོང་ཚོ་དང་ཤང་ནས་རྫོང་བར་རིམ་ཁག་སྲིད་གཞུང་གིས་ང་ཚོའི་དཀའ་ངལ་ཤེས་རྗེས། ལག་ཁྱེར་བཟོ་བ་ནས་ཁྲོམ་ར་གཏོད་རོགས་བྱེད་པའི་བར་ང་ཚོར་མཛུབ་ཁྲིད་ཞིབ་ཚགས་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་བས། བཀའ་དྲིན་སེམས་ལ་འཆང་བཞིན་མུ་མཐུད་ལས་ཀ་ཡག་པོ་བྱེད་ཀྱི་ཡིན”ཞེས་བློ་བཟང་གིས་བཤད།
“ང་ཚོའི་སྨན་སྤོས་ལ་ཚང་མས་དགའ་པོ་བྱེད་པ་མཐོང་སྐབས་སེམས་ལ་དགའ་ཚོར་ཆེན་པོ་སྐྱེ་གི་འདུག 2013ལོ་ནས་2024ལོའི་བར་མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་22ལྷག་ཙམ་གཏོད་རོགས་བྱས་པ་ཡིན། ཚང་མས་སོ་སོའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་ཡོད”ཅེས་ཆོས་དབང་གིས་དགོད་བཞིན་བཤད།