01

འཐབ་ཕྱོགས་དང་པོར་གནས་པའི་གློག་ཤུགས་སྲུང་སྐྱོང་བ། 2025年03月01日

འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་པ་དང་ཆབས་ཅིག་གློག་དྲ་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་བྲེལ་འཚུབ་ཀྱིས་ཁེངས་ནས་དུད་ཚང་ཁྲི་སྟོང་གི་གློག་འགན་ལེན་བྱེད་བཞིན་ཡོད།

དབྱི་ཕིང་ཧྲན་ནི་དེའི་ནང་གི་ཁོངས་མི་ཞིག་རེད། 2012ལོར་ཁོང་རྒྱལ་ཁབ་གློག་དྲའི་ཁྱིམ་ཚང་ཆེན་པོ་དེར་ཞུགས་ནས་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོའི་ནང་ལོ་10ལྷག་ཙམ་ལས་ཀ་བྱས། ཁོང་ཚད་ལོན་བཟོ་པ་དང་ལག་རྩལ་པ་ནས་སྤྱི་ཁྱབ་བཟོ་པ་དང་རྣམ་གྲངས་ཀྱི་ཅིང་ལིའི་བར་ད་ཆ་རྒྱལ་ཁབ་གློག་དྲ་བོད་གློག་ཤུགས་འཛུགས་སྐྲུན་ཀུང་སིའི་བདེ་འཇགས་ལྟ་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད། ཁོང་བློ་སྟོབས་ཆེར་སྐྱེད་ཀྱི་གཞོན་ནུ་ཞིག་ནས་ལས་གྲྭའི་རྣམ་གྲངས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་འཚར་ལོངས་བྱུང་ཞིང་། རིམ་རྩིས་བརྒྱབ་ན། བོད་དབུས་དྲ་སྦྲེལ་དང་མངའ་རིས་དྲ་སྦྲེལ་སོགས་གློག་དྲའི་ལས་གྲྭ་གལ་ཆེན་10ལྷག་ཙམ་འཛུགས་སྐྲུན་ནང་ཞུགས་མྱོང་ཡོད།

ཐོག་མར་ལས་ཀ་བྱེད་སྐབས། དབྱི་ཕིང་ཧྲན་གྱི་འབད་འཐབ་དམིགས་ཚད་དང་པོ་ནི་སྦྱངས་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དག་ཇི་ལྟར་བྱས་ནས་ལག་ལེན་ཁྲོད་བེད་སྤྱོད་བྱས་ཏེ་གོམས་བྱང་ཅན་ལ་འགྱུར་བ་བྱ་རྒྱུ་དེ་ཡིན། ཤེས་བྱ་དེ་བས་མང་བ་སྦྱོང་བ་དང་ཉམས་མྱོང་དེ་བས་མང་བ་གསོག་ཆེད། དབྱི་ཕིང་ཧྲན་གྱིས་ཉིན་ལྟར་རང་ཉིད་ཨར་ལས་བྱ་ཡུལ་དུ་བཟོ་པ་དང་མཉམ་དུ་ལས་ཀ་བྱེད་པ་དང་མཉམ་བཟའ་མཉམ་འཐུང་བྱས་ཏེ་འཐབ་ཕྱོགས་དང་པོར་རྩ་བ་ཚུགས་ནས་ལས་གྲྭའི་རྣམ་གྲངས་ཁྲོད་རྒྱུན་ཆད་མེད་པར་འཚར་ལོངས་ཡོང་བ་བྱེད་ཀྱི་ཡོད།

ཡུན་རིང་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཁྲོད། དབྱི་ཕིང་ཧྲན་གྱིས་ལག་རྩལ་བྱང་ཆུབ་པ་ཤེས་པ་དང་ཁོང་གིས་སེམས་ནུས་ཡོད་ཚད་ལས་གྲྭའི་རྣམ་གྲངས་ལ་བཞག་སྟེ། ཉིན་གུང་ལས་གྲྭར་བསྐྱོད་པ་དང་དགོང་མོ་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་ལ་བལྟ་ཡི་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་དང་པོ་ནི“སློབ་ཚན”ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

2022ལོར་དབྱི་ཕིང་ཧྲན་གྱིས་ལྷ་ཁང་ཆུ་ཤུགས་གློག་ཁང་གི་ཆན་ཧྥུའུ་220སྐྱེལ་འདྲེན་ལས་གྲྭའི་རྣམ་གྲངས་ཅིང་ལིའི་འགན་འཁུར་ཞིང་། ལྕགས་སྒྲོམ་157ཡོད་པ་དང་། ལམ་ཐག་སྤྱི་ལེ་75.867ཟིན་པ། ལས་གྲྭའི་ལམ་ཐིག་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་4440ཟིན་པ། དྲོད་ཚད་ལོ་ལྟར་ཀླད་ཀོར་འོག་གི་3℃ནས་5℃བར་ཡིན་པ། ཉིན་གུང་གི་ཆ་སྙོམས་རླུང་ཤུགས་རིམ་པ་8ལ་སླེབས་པ་བཅས་ལས་ས་དབྱིབས་རྙོག་འཛིང་ཆེ་བ་དང་། གྲང་ངར་ཆེ་ལ་གསོ་རླུང་མི་འདང་བ། ལས་ཡུན་ཐུང་ལ་ལས་འགན་ལྕི་བ་བཅས་ཀྱི་གནས་ཚུལ་འཕྲད་ཡོད་པ་རེད།

འཛུགས་སྐྲུན་ནང་ཞུགས་མཁན་ཚང་མས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པར་བརྟེན། མཐར་ལས་གྲྭའི་གནས་སྐབས་དུམ་བུ་དེ་2023ལོའི་ཟླ་2ཚེས་18ཉིན་བདེ་བླག་ངང་སྤྱོད་འགོ་ཚུགས་པ་རེད། དབྱི་ཕིང་ཧྲན་གིས། དོན་བཟང་འགྲུབ་པར་འཁོན་ཐོགས་མང་པོ་བྱུང་ཡང་མཐར་འབྲས་བུ་བཟང་པོ་ཐོབ་སོང་། རང་ཉིད་འཚར་ལོངས་ཡོང་བར་དངོས་གནས་དགའ་པོ་བྱུང་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཐུབ་པར་ཡང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

རྒྱ་ཆེ་ཞིང་དཀའ་ཚེགས་ཆེ་བའི་བོད་ལྗོངས་སུ་དབྱི་ཕིང་ཧྲན་གྱིས་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གློག་དྲ་འཛུགས་སྐྲུན་གྱི་འཐབ་ས་དང་པོའི་འབད་འཐབ་གདོང་ལེན་པར་གྱུར་ཡོད། ཁོང་གི་གཏམ་རྒྱུད་ནི་རྒྱལ་ཁབ་གློག་དྲ་བ་གྲངས་མེད་ཀྱིས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་འགན་འཁུར་ཕོད་པའི་བསྡུས་རིས་ཙམ་ཞིག་རེད། གློག་དྲ་སྲུང་སྐྱོང་བྱེད་མཁན་དེ་དག་གིས་དཀའ་སྤྱད་འབད་བརྩོན་བྱས་ནས་བོད་ཀྱི་གློག་དྲ་འགན་ལེན་བྱས་ཡོད། སྐབས་དེར་དབྱི་ཕིང་ཧྲན་དང་ཁོང་གི་ལས་རོགས་ཚོས་མུ་མཐུད་འཛུགས་སྐྲུན་གྱི་འཐབ་ས་དང་པོ་དང་། མཁོ་སྤྲོད་འགན་ལེན་གྱི་འཐབ་ས་དང་པོ། ཞབས་ཞུའི་འཐབ་ས་དང་པོ་བཅས་ལ“འོད་སྟོང་འཕྲོ་བ”བྱས་ཏེ་བོད་ཀྱི་གློག་དྲའི་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད། (བསོད་བདེ་གཞོན་པས་བསྒྱུར། པ་ཕན་གྱིས་ཞུས)