འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་ཕེབས་ནས“མཚོ་བོད་ས་མཐོའི་ཧ་ཅང་ཞན་པའི་ཆ་རྐྱེན་འོག་གི་སྐྱེ་ཁམས་ཁོར་ཡུག་དང་མི་ཚོགས་ཀྱི་བདེ་ཐང་གི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང”འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ས་མཐོའི་གསོ་རླུང་བཟོ་ཁང་དང་སྡོད་མལ་ཁོར་ཡུག་ཚོད་ལྟ་ཁང་། ས་མཐོའི་ཀླད་པའི་ཚན་རིག་དང་ཁོར་ཡུག་གོམས་འཕྲོད་ཚོད་ལྟ་ཁང་། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟ་ཁང་། ས་མཐོའི་བདེ་ཐང་ཚན་རིག་ཞིབ་འཇུག་ལྟེ་གནས། དབྱེ་ཞིབ་ཚད་ལེན་ཚོད་ལྟ་ལྟེ་གནས། གྲངས་གཞི་ཆེ་མོའི་ལྟེ་གནས་སོགས་ཚན་རིག་ཞིབ་འཇུག་ལས་སྟེགས་གལ་ཆེན་དུ་ཕེབས་ནས་ཚན་ཞིབ་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་ནན་ཏན་གསན་ནས། ཚན་རིག་ཞིབ་འཇུག་གི་འཐབ་ས་དང་པོའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་ས་གནས་ས་ཐོག་ཏུ་མྱོང་ཚོར་བྱས་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་ཞིབ་རྣམ་གྲངས་གལ་ཆེན་ནང་ཧུར་ཐག་ཞུགས་ནས་རང་ལྗོངས་ཀྱི་རིམ་མཐོའི་ཚན་རིག་ཞིབ་འཇུག་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་རིག་གི་ཆོས་ཉིད་ལ་བརྩི་སྲུང་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཐོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)