སྟོན་ཟླ་ར་བའི་མཐོན་མཐིང་ཀུན་ཁྱབ་ཀྱི་མཐོངས་ནས། །
ཉ་རྒྱས་རི་བོང་འཛིན་པའི་ཚེས་ཆེན་གྱི་དུང་ཟླ། །
ཆུ་འཛིན་སྒྲ་ལྡན་གཡོ་བའི་ཡོལ་དཀར་གྱི་གསེབ་ནས། །
འཛུམ་པའི་ཟེར་བརྒྱའི་རྦ་རླབས་ཕྱོགས་བཅུ་རུ་འགྱེད་དུས། །
ཀུན་བཟོད་གཞི་ཡི་མུན་གྲོལ་འོད་དཀར་གྱི་ལྷ་མོ། །
བཅུ་གཉིས་བདག་པོའི་སྣང་བྱེད་ཚ་ཟེར་གྱི་མདའ་མོས། །
དབྱིག་གི་བདག་མོའི་ཕང་བའི་སྐྱེ་དགུ་ཡོངས་གདུང་དུས། །
མཚོ་བྱུང་བུ་མོའི་ཆས་འཛིན་ཟླ་བ་ཡི་ལྷ་མོས། །
ཐུགས་རྒྱུད་འོ་མའི་མདངས་ལས་སྙིང་རྗེ་ཡི་གྲིབ་བསིལ། །
གནང་སྦྱིན་མཛད་པ་ཨེ་མ་བཀའ་དྲིན་རང་ཆེ་བྱུང་། །
རི་རབ་ཕྲག་ནས་འཛུམ་དུས་རིག་བྱེད་ཀྱི་བཤད་སྒྲོས། །
རྣལ་མའི་དབང་པོ་འཆོལ་བ་ཟླ་མེད་ཀྱི་འཆར་སྣང་། །
བདེ་འབྱུང་གཙུག་རྒྱན་ཆུ་བུར་མིག་ཟུང་ལ་ཐོགས་པས། །
སུམ་རྩེན་ནོར་བུའི་སྙེམས་འཇོམས་འོད་དཀར་གྱི་ལྷ་མོར། །
འབོད་པའི་མགྲིན་དབྱངས་ཤོར་སོང་ཟླ་བ་ཡི་ལྷ་མོ། །
སྟོན་ཟླའི་དཔལ་ལ་རོལ་དུས་སྲིད་པ་ཡི་ཁྱོན་ཀུན། །
ལེགས་བྲིས་གྲོང་གི་མདངས་ལྡན་མཛེས་སྡུག་གི་ཕུང་པོར། །
ཀུ་མུད་གཉེན་འདིས་རབ་བརྒྱན་སོ་སྐྱེས་ཀྱི་སྨོན་དབྱངས། །
དབང་མེད་ངག་ནས་ཐལ་ཅིང་ཡིད་སེམས་ཀྱི་བརྟན་པ། །
ཅིག་ཅར་འཕྲོག་པ་གསན་ནམ་དྭངས་གཙང་གི་ལྷ་མོ། །
དགུང་སྔོན་མཁའ་ཡི་དབྱིངས་སུ་ཟླ་བ་ཡི་ལྷ་མོ། །
དལ་གྱིས་བགྲོད་ཅིང་གསེར་ལྡན་དབྱིག་འཛིན་མའི་ཁྱོན་དུ། །
སྐྱེ་འགྲོའི་མལ་ལམ་བདེ་བྱེད་གོས་མལ་གྱི་ཚུལ་དུ། །
ཡང་ཡང་འཆར་བས་བཅུ་དྲུག་ལང་ཚོ་ཡི་ཆས་ཅན། །
ནོར་འཛིན་མ་མར་སྙམ་འགྲོ་བྱང་སེམས་ཀྱི་ལྷ་མོ། །
རིན་བྲལ་མུ་ཏིག་མིན་ནོ་དྭངས་གཙང་གི་ཕུང་པོ། །
རྟ་ལྗང་བདག་པོ་མིན་ནོ་སྣང་བྱེད་ཀྱི་འཇིག་རྟེན། །
ཐུགས་རྗེའི་གཏེར་གྱུར་མིན་ནོ་སྙིང་རྗེ་ཡི་བདག་ཉིད། །
ཚངས་པའི་བུ་མོ་མིན་ནོ་བཞིན་དཔལ་གྱི་བདག་མོ། །
སྲིད་གསུམ་ཁྱོན་ཀུན་གྲགས་པ་ཟླ་བ་ཡི་ལྷ་མོ། །
སྣང་མེད་ཤས་ཙམ་མཇལ་ཚེ་དྲིན་ཆེན་གྱི་མ་མའི། །
ཞལ་བག་དྲོན་མོར་སྣང་ཞིང་བྱམས་དུང་གི་བྱིལ་བྱིལ། །
དྲི་བཞོན་འཇམ་ཤ་དོད་པའི་ཕྱག་ཟུང་ལ་བརྟེན་ནས། །
ཡང་ཡང་མགོ་བོར་རེག་པའི་ལོངས་སྤྱོད་ལ་རོལ་ཚེ། །
བརྩེ་བའི་བདག་མོ་དྲོད་ལྡན་བརྩེ་ཆེན་གྱི་ལྷ་མོ། །
རྣམ་ཀུན་སྟོན་མཚན་རྒྱས་དུས་སྐྱེ་འགྲོ་ཡི་མིག་ཀུན། །
སྨོན་པའི་ཚུལ་གྱིས་མཐོན་མཐིང་མཁའ་དབྱིངས་སུ་གཏད་ཅིང་། །
དཔེ་བྱད་དོ་ཟླ་བྲལ་བའི་ཟླ་བ་ཡི་ལྷ་མོས། །
གཞན་ཕན་སེམས་བསྐྱེད་གནང་རྗེས་འཇིག་རྟེན་འདིར་ཕྱོགས་པས། །
བསྟོད་པའི་སྙན་དབྱངས་ཕུལ་ལོ་སྟོན་མཚན་གྱི་ལྷ་མོ། །
འགྲོ་ཀུན་དགའ་བ་བརྙེས་པ་སྟོན་མཚན་གྱི་ལྷ་མོ། །
བསྟོད་པའི་མགྲིན་གླུ་རྒྱུན་འཐེན་ཟླ་བ་ཡི་ལྷ་མོ། །
ཡུན་ཡུན་སྐྱེ་འགྲོ་དགྱེས་པའི་མཆོད་སྤྲིན་གྱི་ཕྱིར་དུ། །
ཡང་ཡང་འཆར་བར་མཛོད་དང་རྟག་བརྟན་གྱི་རིམ་གྲོར། །
དྭངས་གཙང་སྨོན་ལམ་འདེབས་སོ་སྟོན་མཚན་གྱི་ལྷ་མོ། །