ལོ་ཟླ་ཡུན་གྱིས་འདས་ཀྱང་། །
བརྩེ་འདང་མཚོ་མོ་ཟབ་པས། །
ང་དང་ཁོ་མོའི་དབར་གྱི། །
གཏམ་རྒྱུད་ཞེ་ལ་འཁོར་བྱུང་། །
དང་པོ་མ་མཐུན་ལོ་ཟླར། །
སྙིང་ལ་སྡུག་པ་མིན་རུང་། །
སེམས་པ་སོང་བའི་དུས་ལ། །
ཞེ་ནས་དོར་ཐབས་མི་འདུག །
ཞལ་རས་དུང་ཟླ་དཀར་པོ། །
སེམས་པའི་དཀྱིལ་ནས་འཚེར་བྱུང་། །
གཤིས་བཟང་མཛངས་མ་ཁྱོད་ཉིད། །
ཞེ་ལ་གཏན་དུ་ཐོགས་འདུག །
ཕར་བསམ་ཕར་ལ་བརྩེ་ཞིང་། །
ཚུར་བསམ་ཚུར་ལ་དུང་ཡང་། །
ལྷན་དུ་འཛོམས་ཡུན་ཐུང་བས། །
སྙིང་གཏམ་བཤད་འཕྲོར་ལུས་སོང་། །
ཚིག་གསུམ་བཤད་པ་དྲན་བྱུང་། །
ཞག་གསུམ་གཤིབས་པའང་དྲན་བྱུང་། །
སྙིང་གི་འཕར་ལྡིང་ཁྲོད་ནས། །
ལས་འཕྲོ་བྱུང་བའང་དྲན་བྱུང་། །
ལྷན་དུ་འཛོམས་ན་བསམས་མྱོང་། །
འགྲོགས་འདྲིས་ཨེ་ཡོང་བསམས་མྱོང་། །
གཏན་གྲོགས་ཚེ་ཡི་སྐྱ་ཡ། །
ཁྱོད་ཉིད་ཡིན་ན་བསམས་མྱོང་། །
མི་ཚོགས་འདུས་པའི་དབུས་ནས། །
ཟུར་མིག་འཕེན་ས་ཁྱོད་ཡིན། །
ཁེར་རྐྱང་ཁང་པའི་ཀློང་གི །
སེམས་ཀྱི་དྲན་ཤིང་ཁྱོད་ཡིན། །
སྙིང་གྲོགས་དུང་སེམས་ཅན་མ། །
རྨི་ལམ་དུ་ཡང་འཁོར་མྱོང་། །
ལས་དབང་བསམ་ནག་མིན་ན། །
མི་ཚེ་མཉམ་དུ་བསྐྱལ་ཆོག །
དཔོན་པོའི་བཀའ་བཀོད་མ་རེད། །
ཕ་མའི་བཀོད་སྒྲིག་མ་རེད། །
གཅིག་སེམས་གཅིག་ལ་མཐུན་ཡང་། །
ལས་ཀྱི་ལམ་ཁ་ཐ་དད། །
སེམས་དང་བསམ་པའི་བར་གྱི། །
ཁ་ཐག་རིང་སོང་མ་བསམས། །
བརྩེ་དུང་དར་གྱི་མདུད་པ། །
བཀྲོལ་ཀྱང་གྲོལ་ཐབས་མི་འདུག །
སྨན་ཆུང་ཁྱོད་ལ་དུང་དུང་། །
སུ་ལ་དུང་མྱོང་མེད་ཀྱང་། །
ལས་ཀྱི་རླུང་ནག་འཚུབ་དུས། །
རང་རང་ས་ལ་གྱེས་སོང་། །
ཆ་མེད་བུ་མོ་ཞིག་དང་། །
འཚོ་བར་རོལ་བསམ་མེད་ཀྱང་། །
ལས་ཀྱི་སྐོས་ཐང་ཡིན་པས། །
ཁོ་བོར་ལན་ཁག་མི་འདུག །
རྒྱུས་མེད་ཕོ་གསར་ཞིག་ལ། །
ཁྱོད་རང་སྤྲོད་བསམ་མེད་ཀྱང་། །
ལས་དབང་བསམ་ནག་ཡིན་པས། །
ང་ལ་ཐབས་ཤེས་མི་འདུག །
བུ་མོར་ཐུགས་ཁག་མི་འདུག །
ང་རང་སྐྱོ་བས་ལན་སོང་། །
ལས་དང་དམ་ཚིག་བཟང་པོས། །
སླད་མར་མཇལ་བར་ཤོག་ཅིག །