དཔྱིད།
ཤང་ཤང་དལ་འགྲོས་གཏི་མུག་ཡོངས་སྤངས་ཏེ། །
དགུན་གསུམ་ཉལ་བའི་སྐྱེ་དངོས་མལ་ལས་དཀྲོགས། །
ཁམ་བུའི་མེ་ཏོག་ཁྲ་ཆིལ་བཞད་དུས་འདིར། །
སོན་འདེབས་ལས་ལ་བྲེལ་བའི་ཨ་མ་དྲན། །
དབྱར།
ལྡིར་ལྡིར་འབྲུག་སྒྲས་ཆར་གྱི་གསོལ་སྟོན་བཤམས། །
ནོར་འཛིན་དགའ་མས་ལྗང་མདོག་ན་བཟའ་བཀླུབས། །
དབྱར་དུས་གླིང་ཁ་གཏོང་བའི་དུས་བཟང་འདིར། །
ལས་བྲེལ་རྔུལ་ཆུས་བརླན་པའི་ཨ་མ་དྲན། །
སྟོན།
བསིལ་བསིལ་སྟོན་གྱི་དྲི་བཞོན་དལ་བུར་ལྡང་། །
ནོར་འཛིན་སྒེག་མོས་གསེར་མདོག་རྒྱན་ཆ་སྤྲས། །
སྙེ་མའི་རྦ་རླབས་དལ་གྱིས་འཕྱོ་དུས་འདིར། །
སྟོན་བསྡུའི་ལས་ལ་བྲེལ་བའི་ཨ་མ་དྲན། །
དགུན།
གྲང་རླུང་འཁུན་སྒྲ་དང་ནི་གངས་འཁྱག་གིས། །
ལུས་སེམས་ཧྲིལ་པོར་བཙན་འཛུལ་བྱེད་དུས་སུ། །
གཡང་ཁྱིམ་གྲུ་བཞིར་དྲོད་ཁོལ་སྩོལ་མཁན་གྱི། །
ལྕགས་ཐབ་འགྲམ་གྱི་ཨ་མ་དྲིན་ཆེན་དྲན། །