ཕ་ཡུལ་གངས་ལྗོངས་རེ་ཞིག་བཞག་ནས། །
ཁྲེང་ཏུའུ་གྲོང་གི་ངོ་མཚར་ལྟད་མོར། །
ལན་གཅིག་མྱུལ་བའི་སྐལ་བཟང་འདི་ཀོ །
ནག་ཆུ་རིག་ལྷན་ཚང་གི་དྲིན་ཡིན། །
ཁྲེང་ཏུར་འབོད་པའི་གྲོང་ཁྱེར་འདི་ཡི། །
མིང་ནི་རྣ་བར་ཐོས་གྲངས་མང་རུང་། །
ང་ནི་དངོས་སུ་འགྲོ་མྱོང་མེད་པས། །
ང་ལ་མཚོན་ན་ཆ་མེད་རང་ཡིན། །
དབུ་ཁྲིད་བཟང་པོའི་སྣེ་ཁྲིད་འོག་དང་། །
ལམ་རོཊ་བཟང་པོའི་གཏམ་གླེང་བར་ནས། །
ཉི་མ་ལྷ་སར་ཕྱི་མིག་འཕེན་གྱིན། །
གནམ་ཐང་ཕྱོགས་སུ་རྡོག་ཐོན་བྱས་ཡིན། །
ཚན་རྩལ་འཕྲུལ་གྱི་རྟ་ཕོར་བཞོན་ཏེ། །
སྤྲིན་གྱི་བང་རིམ་རིམ་གྱིས་བརྒལ་ཏེ། །
ཨ་སྔོན་ནམ་མཁའི་འོག་མ་ཞིག་ནས། །
འགྲུལ་བཞུད་ཅིག་གི་དབུ་ཁྱུད་བྲིས་སོང་། །
མཁའ་ཡི་བྱ་ལ་སྐྱེངས་པ་སྟེར་ཞིང་། །
རི་ཚོཊ་ཐམས་ཅད་སྐད་ཅིག་བརྒལ་བའི། །
ངང་ཚུལ་འདི་ལ་བསམ་གཞིག་བྱས་ན། །
ཚན་རྩལ་འཕེལ་རྒྱས་བློ་ངོར་ཤོང་དཀའ། །
ཆུ་ཚོད་གཉིས་ཀྱི་འགྲུལ་བཞུད་བར་ནས། །
སྤོས་ལྡན་གྲོང་དུ་བདེ་བླག་འབྱོར་སོང་། །
སིམ་སིམ་འབབ་པའི་ཆར་རྒྱུན་འདི་ནི། །
ངེད་ཅག་མགྲོན་པོ་བསུ་མཁན་འདྲ་བྱུང་། །
མགྲོན་ཁང་གཙང་ལ་ཆ་རྐྱེན་ཡག་ཅིང་། །
བཟའ་བཏུང་རྣམས་ནི་ལུས་པོར་འཕྲོད་ལ། །
སློབ་ཁྲིད་ནང་དོན་ཁ་གསལ་གོ་བདེ། །
ལྗོངས་རྒྱུ་དག་ཀྱང་མིག་གི་དགའ་སྟོན། །
སློབ་ཚན་བརྗོད་བྱ་སྣ་མང་ཕུན་ཚོགས། །
ལྟ་སྐོར་བྱ་ཡུལ་རིག་གནས་བཤམས་སྟོན། །
ཁྲེང་ཏུའུ་གྲོང་ལ་རྒྱུས་མངའ་ལོན་ལ། །
ད་དུང་ཉེར་མཁོའི་ཤེས་བྱ་རྟོགས་བྱུང་། །
རྩེ་མོ་དགུང་ལ་ཟུག་པའི་བ་གམ། །
ཕན་ཚུན་སུ་མཐོ་འགྲན་པ་ཨེ་ཡིན། །
དེ་ལ་ཡང་ཡང་ཞིབ་ཏུ་བལྟས་ན། །
མགོ་བོའི་ཞྭ་ཡང་ལྟུང་ལ་ཁད་བྱེད། །
ཁྲ་ཆིལ་དགུ་ཆིལ་གློག་སྒྲོན་འོད་ཀྱིས། །
མཁའ་ཡི་སྐར་མར་སྐྱེངས་པ་སྟེར་སོང་། །
ཁ་པར་རིན་པོ་ཆེ་འདི་མེད་ན། །
རང་ཉིད་གང་དུ་ཡོད་མེད་ཤེས་དཀའ། །
ས་འོག་བརྒྱུད་ནས་མིག་ཡུན་ཙམ་ལ། །
འབྲུག་ལྟར་གྲཊ་ཤིང་སྦྲུལ་ལྟར་འཁྱུག་ནས། །
དེ་མ་ཉིད་དུ་དམིགས་སར་སྐྱེལ་དུས། །
སྒྱུ་མ་མཁན་གྱི་རྫུ་འཕྲུལ་ངོམས་འདྲ། །
ཁྲེང་ཏུའུ་གྲོང་གི་སྣོད་བཅུད་དག་ལ། །
ལན་གཅིག་ལྟ་བའི་གོ་སྐབས་བཟང་པོས། །
གངས་དཀར་སེམས་ལ་སྔར་མེད་བག་ཆཊ། །
ཟབ་མོ་བཞག་པས་རང་སེམས་མྱོས་སོང་། །
རི་ཆུའི་བཀོད་པ་མིག་གི་ལོངས་སྤྱོད། །
དམངས་ཁྲོད་གླུ་དབྱངས་རྣ་བའི་བུ་རམ། །
རང་རང་ཡུལ་ནས་རང་ལུགས་སྐྱོང་བཞིན། །
རང་གི་རིག་གནས་རྒྱུན་འཛིན་གནང་གིས། །
ཕྱི་ཡི་གྲོང་ཁྱེར་ཆེན་པོ་དག་གིས། །
ང་ཡི་བློ་སྒོ་ཡང་ཡང་ཕྱེ་ཡོང་། །
མཐོང་རྒྱ་ཁབ་མིག་ཙམ་ཞིག་མ་ཡིན། །
ཕྱི་ཡི་འཇིག་རྟེན་མཐོང་བས་དགའ་བྱུང་། །
དུས་ཀྱི་འཁོར་ལོ་ཅི་འདྲའི་མགྱོགས་པ། །
བསམ་དབང་དྲན་དབང་ཅི་ཡང་མེད་པར། །
མ་འདོད་བཞིན་དུ་གྱེས་དགོས་བྱུང་ཡང་། །
སླད་མར་ཡང་ཡང་མཇལ་བའི་སྨོན་ལམ། །
རྗོད་བྱེད་ཚིག་ལ་སྡེབ་སྦྱོར་མེད་ཀྱང་། །
བརྗོད་བྱའི་དོན་ལ་ནང་དོན་དབུལ་ཡང་། །
འགྲུལ་བཞུད་ཅིག་གི་མྱོང་བྲིས་འདི་ཀོ །
ཀུན་གྱི་སྤྱན་སྔར་བསྟར་འདོད་སྐྱེས་བྱུང་། །