03

༄༅། །ལྷིང་འཇགས་ཀྱི་མཚན་མོ། ཁམས་འོད་གསལ། 2024年12月22日

ཕྱི་རོལ་དུ་བྲེལ་ཟིང་རེ་ཞིག་འཇགས་ནས་འཇམ་ཐིང་ངེར་འདུག མིག་ཟུང་ཕྱི་རོལ་དུ་གཡེང་ཞོར་སེམས་པ་ཡང་མཚན་མོའི་ཕྱོགས་སུ་འཁོར། རྒྱུ་མཚན་ནི། ཁོ་བོ་མཚན་མོ་ལ་དུངས་དྲག་པས་མིན་ལ། མཚན་མོ་ལ་ཞེན་ཆགས་ཆེ་བས་ཀྱང་ག་ལ་ཡིན། ཡིན་ནའང་། མཚན་མོར་བསིལ་བ་སྩོལ་བའི་ཟླ་བ་དང་ཡིད་དུ་འོང་བའི་སྐར་མ་སྣ་ཚོགས་བཞད་ཡོད་པས་ཡིན། ད་དུང་ཁོ་བོ་ནམ་རྒྱུན་སྙན་ངག་འབྲི་དུས་ཀྱང་མཚན་མོ་ཡིན་པས་སོ།

དུས་ཚོད་ཀྱི་འཕོ་འགྱུར་དང་ལོ་ཟླའི་བཞུར་རྒྱུན་ཁྲོད། ངས་མཚན་མོ་ནི་དུས་ཚོད་རྩ་ཆེན་ཞིག་ཏུ་སྒོམ་བཞིན་ཡོད། གལ་ཏེ་མཚན་མོ་མེད་ན་བསིལ་བ་སྩོལ་བའི་ཟླ་བ་མེད་ལ་ལྷིང་འཇགས་ཀྱི་དུས་ཚོད་ཀྱང་དཀོན། དོ་ནུབ། ཁོ་བོས་སྔར་བཞིན་མཚན་མོའི་མཛེས་ལྗོངས་ལ་ལྟ་བཞིན་ཞི་བའི་རོལ་དབྱངས་ལ་ཉན་ནས། སྒེའུ་ཁུང་གི་འགྲམ་དུ་འགྲེང་དུས། མཚན་མོས་སྔར་རྒྱུན་བཞིན་བདག་ལ་གློ་ཉེ་ཉེ་དང་སྙིང་དུང་དུང་བྱེད།

མཚན་མོ་ནི་རྟོག་བཏགས་ཀྱི་དུས་ཚོད་ལས་བརྒལ་བའི་ལྷིང་འཇགས་ཀྱི་དུས་ཚོད་ཅིག་དང་། རྨི་ལམ་གྱི་རབ་ཁ་ཡངས་པའི་ཡིད་འོང་གི་དུས་ཚོད་ཅིག་ཡིན་པས། མཚན་མོ་ལགས། ཁྱེད་ཡོད་པས། ང་ཚོར་ད་གཟོད་ལྷིང་འཇགས་ཀྱི་རྨི་ལམ་ཡོད་ལ། སྙན་ངག་གི་འཆར་ཡན་ཡང་ཡོད་པས། ལྷིང་འཇགས་ཀྱི་མཚན་མོ་དང་། ཟླ་འོད་འོག་གི་མཚན་མོ། སྐར་ཚོགས་མང་བའི་མཚན་མོ་བཅས་ནི་ཁོ་བོར་མཚོན་ན་ཅི་འདྲའི་ཡི་གར་འོང་ཞིང་སྙིང་དུ་སྡུག་པ་ཞིག་ཡིན་ཨང་།