07

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས། དཀའ་ངལ་ཡོད་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་དྲོ་སྐྱིད་སྦྱིན་པ། 2024年12月20日

པར་②ནི་ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ལས་དོན་པས་རོགས་སྐྱོར་གྱི་འཚམས་འདྲིའི་དངུལ་དཀའ་ངལ་ཡོད་པའི་ཏང་ཡོན་ལྷག་པ་ཚེ་རིང་ལ་སྤྲོད་བཞིན་པ།

པར་①ནི་ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ལས་དོན་པས་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲིའི་དངུལ་སྤྲོད་བཞིན་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ནད་གཞི་ཚབས་ཆེན་ཕོག་པའི་ཏང་ཡོན་ལྷག་པ་ཚེ་རིང་ལ་ཁྲོམ་གཟིགས་སྒང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་དམིགས་བསལ་ཐུགས་ཁུར་མཚོན་པའི་འཚམས་འདྲིའི་དངུལ་སྒོར་10000ལག་འབྱོར་བྱུང་བ་རེད།

“འཚམས་འདྲིའི་དངུལ་དེ་སྡེ་ཁུལ་གྲོང་ལྷན་གྱིས་རང་ཉིད་ལ་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་ནས་རོགས་རམ་གནང་བ་ཞིག་ཡིན་པས། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལྷག་པ་ཚེ་རིང་གིས་སྡེ་ཁུལ་གྱི་ལས་དོན་པའི་ལག་ནས་འཚམས་འདྲིའི་དངུལ་བླངས་རྗེས་ཐུགས་རྗེ་ཆེ་ཞུས།

2024ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཁར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་གྱི་སྨན་བཅོས་ཐད་ཀྱི་རོགས་སྐྱོབ་དང་དཀའ་གནད་སེལ་བའི་ནུས་པ་ཧུར་ཐག་བཏོན་ནས། དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་རམ་གང་ཐུབ་བྱས་པས་དཀའ་ངལ་ཡོད་པའི་ཏང་ཡོན་ལས་བྱེད་པས་རྩ་འཛུགས་ཀྱི་དོ་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།

དཀའ་ངལ་ཡོད་པའི་ཏང་ཡོན་ལྷག་པ་ཚེ་རིང་ནི་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་བདེ་སྲུང་བ་དཀྱུས་མ་ཞིག་ཡིན་པ་དང་། ཏང་ནང་ཞུགས་ནས་ལོ་11འགྲོ་གི་ཡོད།

སྡེ་ཁུལ་དུ་ལས་ཀ་ལོ་མང་བྱེད་རིང་། ཁོང་གིས་སྔ་ཕྱི་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ནས་སྡེ་ཁུལ་གྱི་དུས་བདེ་བརྟན་ལྷིང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ལོ་གསུམ་གོང་ཁོང་ལ་མཁལ་ནུས་ཉམས་པའི་ནད་གཞི་ཕོག་རྗེས། ལྷག་པ་ཚེ་རིང་གཟའ་འཁོར་རེར་སྨན་ཁང་ལ་མཁལ་མ་བཀྲུ་བར་ཐེངས་གཉིས་འགྲོ་དགོས་སྟབས། མ་གཞི་ནས་འཁོས་ཀ་ཞན་པའི་ཁྱིམ་ཚང་དེ་རིམ་བཞིན་དཀའ་ངལ་གྱི་གནས་སུ་ལྷུངས་ཤིང་། ད་ལྟ་ཁོང་དང་ནང་མི་རྣམས་སྤྱི་ཕན་རང་བཞིན་གྱི་ཡོང་འབབ་ཕྲན་བུར་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་བཞིན་ཡོད།

ལྷག་པ་ཚེ་རིང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་གནས་ཚུལ་ལ་དམིགས་ཏེ། སྡེ་ཁུལ་སྤྱི་ཁྱབ་ཏང་ཀྲི་པུས“གལ་ཆེན་གསུམ་དང་དངུལ་འབོར་ཆེ་བ་གཅིག”དང་། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་འབྲེལ་ཡོད་ལམ་ལུགས་ལ་གཞིགས་ཏེ། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ནས་སྒོར་10000བཏོན་ཏེ་ལྷག་པ་ཚེ་རིང་གི་སྨན་རིན་ལ་གཏོང་རྒྱུ་ཐག་བཅད་ནས་ཁོང་ལ་སྤྲད་པ་དེས། ཁོང་གི་དཔལ་འབྱོར་དཀའ་ངལ་ཆུང་དུ་ཕྱིན་པ་མ་ཟད་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཀྱང་ཚོར་ཐུབ་པ་བྱུང་ཡོད།

“ཏང་ཡོན་རྒན་གྲས་དང་། ལྷག་པར་དུ་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་འཚོ་བར་གཅེས་སྐྱོང་དང་དོ་ཁུར་བྱ་རྒྱུ་ནི་གཞན་ལ་དཀྲི་ཐབས་བྲལ་བའི་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཞིག་ཡིན་པས། ང་ཚོས་ལྷག་པ་ཚེ་རིང་གི་ནད་གཞིར་མུ་མཐུད་དོ་ཁུར་གྱིས་ཁོ་པའི་ནད་གཞིའི་གནས་ཚུལ་ལ་གཞིགས་ནས་རོགས་རམ་བྱེད་ཀྱི་ཡིན”ཞེས་སྡེ་ཁུལ་སྤྱི་ཁྱབ་ཏང་ཀྲི་པུའི་འབྲེལ་ཡོད་འགན་འཁུར་བས་བཤད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་སྡེ་ཁུལ་གྱིས་རོགས་སྐྱོབ་ཞབས་ཞུའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་སྲིད་ཇུས་ཡག་པོ་སྤྱད་དེ་རོགས་སྐྱོར་བྱེད་དགོས་པའི་ཁྱིམ་ཚང་དེ་བས་མང་བར་རོགས་སྐྱོར་གང་ཐུབ་བྱེད་ཀྱི་ཡིན་ཞེས་བཤད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)