འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ནགས་སྲུང་བ་དང་། རྩྭ་རའི་ལྟ་ཞིབ་པ། སྐྱེ་ཁམས་ལས་གནས་པ་བཅས་ཀྱི་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ནགས་རྩྭའི་ཐོན་ཁུངས་བདག་སྐྱོང་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར་ཟངས་རི་རྫོང་རྫིང་ཕྱི་ཤང་གིས་2024ལོའི་ལོ་འཁོར་གྱི་ནགས་སྲུང་བ་དང་། རྩྭ་རའི་ལྟ་ཞིབ་པ། སྐྱེ་ཁམས་ལས་གནས་པ་བཅས་ལ་དཔྱད་ཞིབ་དང་ལས་སྒོའི་གསོ་སྦྱོང་ལས་དོན་སྤེལ་བ་རེད།
ད་ཐེངས་ཀྱི་དཔྱད་ཞིབ་དང་གསོ་སྦྱོང་ནང་ཁྱོན་མི་152ཞུགས་ཡོད། ལས་སྒོའི་སློབ་སྦྱོང་དང་། ལས་ཀའི་སྒྲིག་ཁྲིམས། རི་སྐོར་ཟིན་ཐོ། ནགས་རྩྭ་བདག་སྐྱོང་བྱེད་ཐབས་སོགས་ལ་རེ་རེ་བཞིན་དཔྱད་ཞིབ་བྱས་པ་དང་འབྲེལ་ལས་ཀའི་འགན་འཁྲིར་ས་གནས་ས་ཐོག་ཏུ་འདྲི་རྩད་བྱས་ཏེ། ནགས་རྩྭ་བདག་སྐྱོང་དང་། ནགས་ཚལ་མེ་ཟོན། ནད་འབུའི་གནོད་འཚེ་འགོག་བཅོས། འོས་འགན་ཤིང་འཛུགས་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཚུལ་དང་དེ་བཞིན་ནགས་ཚལ་ཐོན་ཁུངས་བདག་སྐྱོང་གི་ཕན་འབྲས་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་པ་རེད།