01

བོད་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ། སྒོ་དབྱེའི་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་འདིང་བ། 2024年12月20日

ཟླ་11ཚེས་22ཉིན་ནས་ཚེས་24ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས(CITM)ཧྲང་ཧའེ་རྒྱལ་ཁབ་ཚོཌ་འགྲེམས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། བོད་རང་སྐྱོང་ལྗོངས་ཀྱིས“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གཟུཌ་བརྙན་གསར་རྐྱང་གི་ཐོག་ནས་ད་ཐེངས་ཀྱི་འདུ་ཚོགས་གཟབ་རྒྱས་ལ་ཞུགས་པ་དེ་ཚོགས་ར་ཡོངས་ཀྱིས་དོ་སྣང་བྱེད་པའི་མདོ་གནད་དུ་གྱུར་ཡོད། བྱ་ཐབས་དེས་རང་ལྗོངས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་རིག་གནས་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

བོད་ཀྱི་ས་ཁོངས་ནང་ཡུལ་སྐོར་དང་ས་ཁོངས་བསྒྲལ་ནས་ཡུལ་སྐོར་བྱེད་པའི་ཁྲོམ་རའི་གསོན་ཤུགས་ཧ་ཅང་ཆེ་ཞིང་། འདི་ལོའི་ཟླ་བ་11བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6274.59ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.68%འཕར་ནས་ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་729.05ཟིན་པ་དེ་དུས་མཚུངས་ལས་14.03%འཕར་བ་རེད། དེའི་ནང་ས་ཁོངས་ནང་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་315662ལ་སྣེ་ལེན་ཞུས་པ་དེ་དུས་ཁོངས་ལས་191.8%འཕར་བ་དང་རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་ཨ་སྒོར་ཁྲི་14850ཟིན་པ་དེ་དུས་མཚུངས་ལས་147.3%འཕར་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ད་ཕན་ལོ་ཤས་རིང་། བོད་ཀྱིས་ཕན་ཚུན་སྦྲེལ་མཐུད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། འབྲེལ་གཏུག་ལས་སྟེགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནེ་པ་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དངོས་ཟོག་ཚོང་དོན་དང་། ཞབས་ཞུའི་ཚོང་དོན། མི་ཆོས་རིག་གནས་སྤེལ་རེས་བཅས་མཉམ་དུ་འཕེལ་རྒྱས་བཏང་ཡོད། གངས་ལྗོངས་ས་མཐོ་འདི་ཉིད་མ་འཇོག་ལས་གཏོད་ཀྱི་གནས་མཆོག་ཅིག་ཏུ་གྱུར་ནས། བོད་ཀྱིས་རྒྱལ་ཁབ་ཀྱི་སྒོ་དབྱེའི་ཁྱོན་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གང་མགྱོགས་མཉམ་འདྲེས་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

བརྟན་བགྲོད་རྒྱང་འཁྱོལ་གྱིས“ཇ་རྟའི་གནའ་ལམ”ལ་བཀྲག་མདངས་གསར་པ་བསྣན་པ།

བོད་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་འབྲེལ་མཐུད་བྱེད་སའི་སྐམ་ལམ་སྟབས་བདེ་ཤོས་ཀྱི་གྲས་ཤིག་རེད། “ཇ་རྟའི་གནའ་ལམ”ལྟ་བུའི་སྲོལ་རྒྱུན་གྱི་ཚོང་དོན་ལམ་ཐིག་གིས་ས་ཁོངས་ཚོང་དོན་ཁྲོད་ཀྱི་བོད་ཀྱི་གལ་ཆེའི་རང་བཞིན་ལ་བདེན་དཔང་བྱེད་ཐུབ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། གཞུང་ལམ་དྲ་རྒྱ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་དུས་མཚུངས། ལྕགས་ལམ་དང་མཁའ་འགྲུལ་འཛུགས་སྐྲུན་ལའང་འཕེལ་རྒྱས་ཆེན་པོ་བྱུང་ནས། “མཁའ་ལམ”སྣུར་སྲིང་རྒྱུན་མཐུད་ཐུབ་ཡོད།

ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ཟིན་ཏེ་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས། ལྷ་ས་དང་། ནག་ཆུ། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་5ལ་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ད་ལོའི་ཟླ་7པར། ལྷ་སའི་གོང་དཀར་གནམ་ཐང་ཞེས་པའི་མིང་དེ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་བསྒྱུར་བ་རེད།

ད་ཆ་བོད་དུ“མ་ལམ་གཅིག་དང་ཡན་ལག་ལམ་བདུན”གྱི་གནམ་ཐང་གི་བཀོད་པ་དང་། རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དང་དེ་བཞིན་ནེ་པ་ལའི་ཀ་ཏ་མན་རྡུ་རུ་ཁྱབ་འགྱེད་ཐུབ་པ་དང་། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཚང་མར་ཁྱབ་པའི་མཁའ་ལམ་དྲ་བ་ཆགས་ཐོག ལྷ་ས་ནས་རྡོག་ཐོན་བྱས་ན་ཉིན་གཅིག་ནང་རྒྱལ་ཡོངས་སུ་ཤར་མར་སླེབས་ཀྱི་ཡོད། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་དགུན་ས་སོགས་ཡན་ལག་གནམ་ཐང་སྔ་རྗེས་སུ་བསྐྲུན་ཟིན་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་ཁག་178ཟིན་ནས། གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་75ཟིན་ཡོད།

མཁའ་དབྱིངས་ནས་ཐུར་དུ་བལྟས་ཚེ། གནམ་ཐང་དང་། གཞུང་ལམ། ལྕགས་ལམ་བཅས་ནི་ཞིབ་ཚགས་པོས་བསླས་པའི་དྲ་བ་ཞིག་དང་འདྲ་བར། ཡངས་ཤིང་རྒྱ་ཆེ་བའི་བོད་ཀྱི་ས་གཞི་ཆེན་པོར་ཁྱབ་ནས། ལེ་དབར་སྟོང་གིས་ཆོད་པའི་གྲོང་ཁྱེར་དབར་གྱི་བར་ཐག་ཇེ་ཐུང་དུ་སོང་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕེལ་རིམ་ཁྲོད། “ཇ་རྟའི་གནའ་ལམ”ལས་བཀྲག་མདངས་གསར་པ་འཚེར་བཞིན་མཆིས།

ཕྱི་ནང་སྦྲེལ་མཐུད་ལས་ས་བབ་ཀྱི་ལེགས་ཆ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ།

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་ནི་ནེ་པ་ལར་ཉོ་ཚོང་བྱེད་མཁན་རང་རྒྱལ་གྱི་ཞིང་ཆེན་ཆེ་ཤོས་སུ་གྱུར་པ་དང་། ནེ་པ་ལར་ཉོ་ཚོང་བྱེད་པའི་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་31.4ཟིན་པ་དེ་དུས་མཚུངས་ལས་46.4%འཕར་བ་དེས་དུས་མཚུངས་ཀྱི་ཀྲུང་ནེའི་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་28%ཟིན་ཡོད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་བོད་ཀྱི་ས་བབ་ལེགས་ཆ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

2015ལོར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཕྱི་འབྲེལ་པུའུ། ཚོང་དོན་པུའུ་བཅས་ཀྱིས་མཉམ་དུ《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་གི་དར་གོས་ལམ་བུ་མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་འདུན་པ་དང་བྱ་སྤྱོད》ཁྱབ་བསྒྲགས་བྱས་པའི་ནང་། བོད་ཀྱི་ངེས་གནས་ནི“བོད་དང་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཚོང་དོན་དང་ཡུལ་སྐོར་དང་རིག་གནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ”དེ་ཡིན་པ་རེད།

ད་ཕན་ལོ་ཤས་རིང་། རྒྱལ་ཁབ་5ཡི་མཐའ་མཚམས་འགག་སྒོ་ནས་འགྲུལ་ཟོག་ཕན་ཚུན་ཤར་གཏོང་ཐུབ་པ་དང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་དང་སྐྱིད་གྲོང་མཐའ་མཚམས་མཉམ་ལས་ཁུལ་ལ་སྔ་རྗེས་སུ་ཆོག་མཆན་ཐོབ་པ། ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང་འཁོར་རྒྱུག་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་བ། ལྷ་སའི་སྐམ་ས་དང་གྲུ་ཁའི་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་བརྟན་པོ་བསྐྲུན་པ་ལ་སོགས་བསྐྲུན་ཟིན་པའམ་ཡང་ན་སྐྲུན་མུས་ཀྱི་ལས་སྟེགས་དེ་དག་ཕན་ཚུན་སྦྲེལ་མཐུད་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོ་བོད་ཀྱི་སྐམ་ལམ་འགག་སྒོ་བཞི(སྐྱིད་གྲོང་ནས་རི་ཟུར་བ་བར་དང་། འགྲམ་ནས་ཁོ་ཏ་ལི་བར། སྤུ་ཧྲེང་ནས་ཡཱ་ལི་བར། ལེགས་རྩེ་ནས་ནེ་ཆུང་བར)གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བརྟན་པོ་ཐུབ་སྟེ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་བཏང་བ་རེད། ཟླ་དང་པོ་ནས་བཅུ་པའི་བར། ལྷ་ས་འགག་སྒོས་བོད་ཀྱི་སྐམ་ལམ་འགག་སྒོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་18ལ་ལྟ་འདོམས་བྱས་པ་དེ་དུས་མཚུངས་ལས་51%འཕར་ཡོད་པ་རེད།

ཕན་ཚུན་འགྲོ་འོང་བྱས་ཏེ་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་བ།

ཟླ་11ཚེས་19ཉིན། རྒྱ་ཁྱོན་ལ་སྨི་ངོས་གྲུ་7000ཟིན་པའི་བོད་ཀྱི་ས་མཚམས་སྒྲོལ་བའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་དང་པོ་དེ་བོད་ལྗོངས་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། “བོད་ལ་དགའ”ཞེས་པའི་ས་ཁོངས་སྒྲོལ་བའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་དེ་ནི་མིག་སྔར་ལྗོངས་ཡོངས་སུ་ནང་འདྲེན་ཚོང་ཟོག་གཅིག་སྡུད་ཆེ་ཤོས་ཀྱི་བསྡུ་འགྲེམས་ལྟེ་གནས་ཤིག་རེད། ལྟེ་གནས་སུ་ཡོ་རོབ་དང་། ཨ་རི། རི་པིན། ཧན་གོ ཨེ་ཤེ་ཡ་ཤར་ལྷོ་སོགས་ས་ཁུལ་གྱི་ཐོན་རྫས་སྣ་ཁ་6000བཤམས་པ་དེའི་ནང་། བྱུག་རྫས་སོགས་ཚུད་པའི་དྲི་ཞིམ་ཆུ་དང་། ནང་འདྲེན་ཨ་རག ནང་འདྲེན་བཟའ་བཅའ་སོགས་ཚུད་ཡོད་པ་རེད།

ལྟེ་གནས་དེས་བོད་ཀྱི་འགག་སྒོ་ཁག་ནས་ནེ་པ་ལ་དང་། རྒྱ་གར། དབྱི་རན་སོགས་རྒྱལ་ཁབ་ཀྱི་འཛད་རྫས་ཐད་ཀར་ནང་འདྲེན་བྱེད་ཚད་རིམ་བཞིན་མང་དུ་བཏང་ནས། དེ་མཚུངས་ཀྱི་རྒྱལ་ཁབ་ཀྱི་འགྲེམས་ཁང་ཆགས་པར་བྱས་ཏེ། མངའ་རིས་དང་། ལྷོ་ཁ། ནག་ཆུ། གཞིས་རྩེ་སོགས་གྲོང་ཁྱེར་དང་ས་ཁུལ་དུ་ས་མཚམས་སྒྲོལ་བའི་ཚོང་ཟོག་ཉོ་ཚོང་ཡན་ལག་ལྟེ་གནས་བཙུགས་ནས། ས་མཚམས་སྒྲོལ་བའི་ཚོང་ཟོག་སྤུས་ལེགས་མཁོ་སྤྲོད་འཁོར་འབྲེལ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་སྣུར་སྲིང་བྱས་ནས། ལྗོངས་ནང་ཁུལ་གྱི་འཛད་སྤྱོད་པའི་ནང་འདྲེན་ཚོང་ཟོག་སྤུས་ལེགས་ཀྱི་དགོས་མཁོ་སྐོང་རྩིས་ཡོད་པ་རེད།

ཀྲུང་གོའི་ཚོང་ཟོག་ཕྱིར་གཏོང་བྱེད་པ་དང་དུས་མཚུངས། འཛམ་གླིང་ས་གནས་ཁག་གི་དངོས་ཟོག་ཀྱང་འགག་སྒོ་བརྒྱུད་ཀྲུང་གོ་བའི་འཚོ་བའི་ཁྲོད་བེད་སྤྱོད་གཏོང་ཇེ་མང་དུ་འགྲོ་གི་ཡོད། 2023ལོར། བོད་ཀྱིས་རྒྱལ་ཁབ་བམ་ཡང་ན་ས་ཁུལ་175དང་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱས་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་50.88ཟིན་ཡོད།

ཟླ་7པར། འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་ནས་ཡོང་བའི་སྐུ་མགྲོན་150ལྷག་ཙམ་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པར་ཞུགས་ཏེ། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་བློ་གྲོས་སྐྱེས་སུ་ཕུལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པ་རེད། ཟླ་10པར། 2024ལོའི“ཉི་འོད་ཕྱོགས་སུ་སྐྱོད། དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། འཇར་མན་དང་། ཨོ་སི་ཁྲུ་ལི་ཡ། ཨུ་རུ་སུ་སོགས་རྒྱལ་ཁབ་11གི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་38གདན་དྲངས་ཏེ། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་སོགས་སུ་མངོན་མིན་རིག་གནས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་ཉམས་ལེན་བྱེད་དུ་བཅུག་པར། ས་གནས་དེ་གའི་ཡུལ་སྐོར་ལས་དོན་ཁང་དང་ངོ་འཕྲད་གྲོས་མོལ་བྱས་པར་འདོད་མཐུན་རང་བཞིན་གྱི་མཉམ་ལས་ཁག་82བྱ་རྒྱུའི་མོས་མཐུན་བྱུང་བ་རེད།

ཕན་ཚུན་འགྲོ་འོང་བྱས་ནས་བོད་དང“རྒྱུད་གཅིག་ལམ་གཅིག”

མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་དབར་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་ཟབ་ཏུ་སོང་ཡོད།

ད་ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་རྫོགས་ལྡན་ལོ་བཅུ་རྗེས་མར་ཕྱོགས་པའི་འགོ་ཚུགས་ལོ་རེད། ཟླ་12ཚེས་2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་བཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དེས། བོད་འདི་ཉིད་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞུགས་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།