ཉིང་ཁྲིར“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པ་ལྟར། དེའི་ས་ཁོངས་ནང་བརྗིད་ཆགས་གངས་རི་དང་། གཡང་གཟར་གྲོག་རོང་། ཚང་ཚིང་ནགས་ཚལ་བཅས་གདོད་མའི་སྐྱེ་ཁམས་ཁོར་ཡུག་ཡོད་ལ། རི་དང་། ཆུ་བོ། ནགས་ཚལ། རྩྭ་ཐང་། མཚེའུ། གངས་རི། འཁྱགས་རོམ། མེ་ཏོག་སོགས་ཀྱི་མཛེས་པས་ཡོངས་སུ་བརྒྱན་ཡོད་པས། གངས་ལྗོངས་ཀྱི་ཡུལ་སྐོར་གྱི་གནས་མཆོག་ཅིག་རེད།
དགུན་དུས་སྐུ་ཉིད་ཉིང་ཁྲིར་ཡུལ་སྐོར་དུ་སྐྱོད་ཚེ། རང་བྱུང་གི་མཛེས་པ་ཉམས་སུ་མྱོང་རྒྱུ་ཡོད་ལ། འགྲོ་སོང་ཡང་མང་པོ་འགྲོ་གི་མེད། ཀུན་ལ་ཕན་ཞིང་ཡུལ་སྐོར་བར་སྣེ་ལེན་ཡག་པོ་ཞུ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཞིང་། ད་ལོའི་ཟླ་10ཚེས་15ཉིན་ནས་སང་ལོའི་ཟླ་3ཚེས་15ཉིན་བར་བྲག་ཡིབ་ཆུས་ཀྱི་ཀླུ་ནང་དང་། མཁར་སྟེང་རོང་། ཉང་ཆུའི་འགྲམ་གྱི་བ་གམ། འཛམ་གླིང་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ། ཀོང་པོ་རྒྱ་མདའ་རྫོང་གི་བྲག་གསུམ་མཚོ་དང་། ཤོ་པའི་ལོ་ངོ་སྟོང་གི་གནའ་བོའི་མཁར་རྫོང་། བརླན་ཚལ་སྐྱེ་ཁམས་མཛེས་ལྗོངས་ཁུལ། སྤོ་བོ་རྫོང་གི་སྒང་གསོམ་ཤིང་ནགས་ཚལ་དང་། གནས་སྟོད་འཁྱགས་རོམ། ཐོག་ཁང་དམར་པོའི་མཛེས་ལྗོངས་ཁུལ། སྨན་གླིང་གནས་ཡུལ་ལུང་ཤུར། རོང་ཆེན་མཛེས་ལྗོངས་ཁུལ། སྣང་རྫོང་གི་ལོ་ངོ་སྟོང་གི་སྟར་སྡོང་ཚལ་དང་། འཁྲུངས་ཁང་མཛེས་ལྗོངས་ཁུལ། མེ་ཏོག་རྫོང་སྒོར་སྒོར་ཐང་མཛེས་ལྗོངས་ཁུལ(ཡར་ཀླུང་གཙང་པོའི་གུག་ཆ་ཆེན་པོ)སོགས་Aརིམ་པའི་མཛེས་ལྗོངས་ཁུལ་15ལ་སྒོ་འཛིན་མི་དགོས་པ་སོགས་ཀྱི་གཟིགས་སྐྱོང་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་རེད།
ཡིད་འོང་ཉིང་ཁྲིས་སྐུ་ཉིད་ཕེབས་སྒུག་ཞུ་བཞིན་ཡོད།